ལྷོ་ཕྱོགས་གཞིས་ཆགས་ཆེ་ཁག་ལྔར་མངའ་སྡེ་གཞུང་ནས་རོགས་དངུལ་ས་ཡ་༣༠ བཀའ་འཁྲོལ་ཐོབ་འདུག

རྒྱ་གར་ལྷོ་ཕྱོགས་བོད་ཀྱི་གཞིས་ཆགས་ཆེ་ཁག་ལྔ་ཡར་རྒྱས་གཏོང་བྱེད་དང་ལྷོ་སྤྱི་ལས་ཁུངས་ཀྱི་འཛིན་སྐྱོང་འགྲོ་གྲོན་སོགས་ཀྱི་ཆེད་ཀ་ན་ཊ་ཀ་གཞུང་གིས་རོགས་དངུལ་ས་ཡ་༣༠ བཀའ་འཁྲོལ་གནང་འདུག 

ཟླ་འདིའི་ཚེས་༡༡ ཉིིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བར་བཀོད་པའི་གནས་ཚུལ་ལྟར་ན།

དེའི་སྐོར་གོང་གི་དྲྭ་བར་གནས་ཚུལ་འཁོད་དོན། “རྩིས་ལོ་ ༢༠༡༩་་༢༠ ནང་རོགས་དངུལ་ས་ཡ་ ༣༠ བཀའ་འཁྲོལ་བྱུང་ཡོད། དེ་རྗེས་རྩིས་ལོ་ ༢༠༢༠་་༢༡ ནས་ ༢༠༢༢་་༢༣ བར་ལོ་གསུམ་རིང་ས་ཡ་ ༣༠ ཚབ་ས་ཡ་ ༢༠ བཀའ་འཁྲོལ་ཐོབ་ཡོད། འདི་ལོའི་རྩིས་ལོ་ ༢༠༢༣་་༢༤ ནང་རོགས་དངུལ་ས་ཡ་ ༣༠ བཀའ་འཁྲོལ་གནང་གཏན་འཁེལ་ཡོད་པར་”ཞེས་དང་། དེར་ལྷོ་སྤྱི་ལས་ཁུངས་ཀྱི་ངོས་ནས་བོད་མིའི་སྒྲིག་འཛུགས་དང་གཞིས་ཆེ་ཁག་ལྔའི་ཚབ་ཀྱིས་མངའ་སྡེའི་གཞུང་དམངས་ལ་ཐུགས་རྗེ་ཆེ་དང་མུ་མཐུད་རོགས་སྐྱོར་ཡོང་བར་ཞུས་ཡོད་འདུག མ་ཟད་ལས་འཆར་སོ་སོའི་རྒྱབ་ལྗོངས་དང་དམིགས་ཡུལ་སོགས་ PPT བརྒྱུད་ལམ་ནས་མངའ་སྡེ་གཞུང་གི་ཁྲལ་བསྡུ་ལས་ཁུངས་སུ་ཡིག་ངག་གཉིས་ཐོག་ནས་ཀྱང་སྙན་འབུལ་ཞུས་འདུག་པ་དང་། ཕྱི་ཟླ་༡༠ ཚེས་༧ ཉིན་དེ་གའི་དྲུང་ཡིག་ཆེན་མོའི་གཙོ་སྐྱོང་གི་ཚོགས་འདུའི་ཐོག་ཁྲལ་བསྡུ་ལས་ཁུངས་ཀྱི་རོགས་དངུལ་ཐོབ་བཞིན་པ་སྡེ་ཚན་གཞན་ ༢༦ དང་། དེའི་འཕྲོས་ལྷོ་སྤྱི་ཁྱབ་ཁོངས་གཞིས་ཆགས་ལྔའི་འཕྲལ་ཕུགས་ཀྱི་གནད་དོན་ཡོངས་རྫོགས་ངོ་སྤྲོད་ཞུས་ཡོད་འདུག

པར་རིས་དང་གནས་ཚུལ་ཡོང་ཁུངས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ།

ཕྱི་ལོ་ ༢༠༡༩ ནས་བཟུང་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཆེ་ཁག་ལྔ་དང་ལྷོ་སྤྱི་ལས་ཁུངས་ཀྱི་འཛིན་སྐྱོང་འགྲོ་གྲོན་དང་། ཤེས་ཡོན། སྤྱི་ཚོགས་བདེ་དོན། རྒས་གསོ་ཁང་། རིགས་གཞུང་གཅེས་འཛིན། ཉམ་ཐག་ཁང་པ་ཉམས་གསོ། ཁོར་ཡུག་སྲུང་སྐྱོབ། སློབ་ཕྲུག་གུང་ཟས། ཡུལ་ཁོར་སྤྲོ་འཆམ་དར་སྤེལ། གཞོན་སྐྱེས་ནུས་སྟོབས་དང་རྩེད་རིགས། གཞིས་ཆགས་ཡར་རྒྱས་བཅས་ཀྱི་ཆེད་ཀ་ན་ཊ་ཀའི་མངའ་སྡེ་གཞུང་ལ་རོགས་དངུལ་ཞུས་པ་བཀའ་འཁྲོལ་ཐོབ་ཡོད་འདུག 

རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀའི་ཁོངས་སུ་ཡོད་པའི་གཞིས་ཆགས་ཆེ་ཁག་ལྔ་ནི་ལུགས་ཟུང་བསམ་གྲུབ་གླིང་དང་། མོན་གྷོ་འདོད་རྒུ་གླིང་། བདེ་སྐྱིད་སླར་གསོ། ཧོན་སུར་རབ་རྒྱས་གླིང་། ཀོ་ལེ་གྷལ་དོན་ལྡན་གླིང་ཡིན་པ་དང་། གཞིས་ཆགས་དེ་དག་འགོ་འཛུགས་སྐབས་མངའ་སྡེའི་བློན་ཆེན་ནི་ཇ་ལིང་ག་པ་ (S.Nijalingappa) གཙོས་པའི་མངའ་གཞུང་དཔོན་རིགས་ཁག་ནས་ད་བར་བོད་མི་ཚོར་བཀའ་དྲིན་རླབས་ཆེན་བསྐྱངས་ཡོད་པར་བཀོད་འདུག


གསར་འགོད་པ་བསྟན་འཛིན་ལམ་བཟང་།