ལྷོ་ཤར་ཨེ་ཤི་ཡར་དྲག་ཆར་རླུང་འཚུབ་ཀྱི་གོད་ཆག་བྱུང་བར་ཐུགས་གསོ།


༧གོང་ས་མཆོག་གིས་ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༢ ཉིན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་ཏུ་དྲག་ཆར་རླུང་འཚུབ་ལ་བརྟེན་ནས་གོད་ཆག་ཚབས་ཆེ་བྱུང་ནས་མི་རྒྱུ་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་ཐུགས་གསོའི་གསུང་འཕྲིན་ཞིག་གནང་འདུག

པར། བོད་མིའི་སྒྲིག་འཛུགས།

༧གོང་ས་མཆོག་གི་དབྱིན་ཡིག་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཉེ་ལམ་ཨེ་ཤི་ཡའི་རྒྱལ་ཁབ་ཨིན་ཌོ་ནེ་ཤི་ཡ་ (Indonesia) དང་། ཤྲི་ལངྐ། (Sri Lanka) ཝེཏ་ནམ།  (Vietnam) ཐེ་ལེནྜི།  (Thailand) མ་ལེ་ཤི་ཡཱ། (Malaysia) ཧྥི་ལི་པིན་  (Philippines) དང་། དེའི་ཉེ་འཁོར་ས་ཁུལ་ཁག་ཏུ་དྲག་ཆར་རླུང་འཚུབ་རྐྱེན་པས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ༸གོང་ས་མཆོག་གིས་འབྱུང་བའི་གོད་ཆག་འདིའི་འོག་ཚེ་སྲོག་ཤོར་བ་རྣམས་ལ་བསྔོ་སྨོན་དང། དེ་དག་གི་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ། རྨས་སྐྱོན་ཕོག་པ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཛད་འདུག་པ་མ་ཟད། མགོན་པོ་མཆོག་གིས་ཉེན་སྐྱོབ་རུ་ཁག་རྣམས་ཀྱིས་ཀྱང་གནོད་སྐྱོན་ཕོག་ཡུལ་ས་ཁུལ་ཁག་ཏུ་མུ་མཐུད་རོགས་སྐྱོབ་ཀྱིས་མི་གང་མང་ལ་ཕན་ཐོགས་ཐུབ་པའི་ཐུགས་སྨོན་ཡང་མཛད་ཡོད་པ་སོགས་འཁོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།