ལྷོ་སོག་གི་གཙོ་འཛིན་དང་དམར་ཤོག་ཚོགས་པའི་ཚོགས་གཞོན་འཛིན་བཟུང་དང་འདྲི་རྩད་བྱེད་བཞིན་ཡོད་འདུག

ལྷོ་སོག་གི་གཙོ་འཛིན་དང་དམར་ཤོག་ཚོགས་པའི་ཚོགས་གཞོན་བུད་མེད་གཅིག་ལྐོག་ཟ་རུལ་སུངས་བྱས་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་དང་ཞིབ་བཤེར་བྱེད་བཞིན་ཡོད་འདུག་ལ། འདས་པའི་ལོ་༣༠ ནང་སོག་པོའི་མི་རིགས་ཡིན་པའི་བུད་མེད་ཅིག་ལྷོ་སོག་གི་གཙོ་འཛིན་ཆགས་པ་དང་པོ་ཡིན་འདུག་ལ། ལོ་འདིའི་ནང་ལྷོ་སོག་ནང་སོག་པོ་མི་རིགས་ཡིན་པའི་འགོ་ཁྲིད་རྒན་པ་ཞིག་འཛིན་བཟུང་བྱས་པའི་འགོ་ཁྲིད་བཞི་པ་དེ་ཡང་ཡིན་འདུག
ཕྱི་ཚེས་༢༢ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་སོག་གམ་རྒྱ་ནག་གིས་ནང་སོག་རང་སྐྱོང་ལྗོངས་ཟེར་བ་དེའི་གཙོ་འཛིན་དང་དམར་ཤོག་ཚོགས་པའི་ཚོགས་གཞོན་(Wang Lixia)ཝང་ལི་ཤ་ཟེར་བའི་བུད་མེད་དེ་ཉེ་ཆར་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་འཛིན་བཟུང་དང་ཞིབ་བཤེར་བྱེད་བཞིན་ཡོད་འདུག་པ་དང་། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྐོག་ཟ་རུལ་སུངས་འགོག་རྒོལ་ལྷན་ཁང་ཟེར་བ་ནས་གསལ་བསྒྲགས་བྱས་དོན། རྒྱ་ནག་དབུས་གཞུང་སྒྲིག་ཁྲིམས་ཞིབ་བཤེར་དང་རྒྱལ་ཡོངས་སློབ་སྟོན་ལྷན་ཁང་ཟེར་བས་ཝང་ལི་ཤ་ཟེར་བའི་བུད་མེད་དེ་ཡིས་ཏང་གི་སྒྲིག་ཁྲིམས་འགལ་བ་དང་ལྐོག་ཟ་རུལ་སུངས་ཚབས་ཆེན་པོ་བྱས་ཡོད་པའི་དོགས་གཞི་ཆེན་པོ་ཡོད་པར་བརྟེན། ད་ལྟ་ཞིབ་བཤེར་དང་འདྲི་རྩད་བྱེད་བཞིན་ཡོད་པར་བརྗོད་འདུག
བུད་མེད་དེ་ད་ལྟ་རང་ལོ་༦༡ ཡིན་འདུག་ཅིང་། འདི་ལོ་གཅིག་པུའི་ནང་སོག་པོའི་མི་རིགས་ཡིན་པ་རྒྱ་ནག་གཞུང་གིས་འཛིན་བཟུང་དང་ཞིབ་བཤེར་བྱས་པའི་འགོ་ཁྲིད་རྒན་པ་ཁག་ནས་ཁོང་མོ་བཞི་པ་དེ་ཡིན་འདུག འདས་པའི་ལོ་ཤས་ནང་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་གཙོ་འཛིན་མང་པོ་ཞིག་ལ་ཞིབ་བཤེར་དང་འཛིན་བཟུང་བྱེད་རྒྱུ་མང་དུ་ཕྱིན་ཡོད་པར་བརྗོད་འདུག
ཁོང་མོ་ནི་རྒྱ་ནག་བྱང་ཤར་ཕྱོགས་ཀྱི་ལེའོ་ཉིང་(Liaoning)ཞིང་ཆེན་ནང་དུ་སྐྱེས་པའི་སོག་པོའི་མི་རིགས་ཡིན་འདུག་ལ། ཕྱི་ལོ་༢༠༡༦ ལོ་ནས་ལྷོ་སོག་གམ་ནང་སོག་རང་སྐྱོང་ལྗོངས་ཟེར་བ་དེར་བཏང་ཡོད་འདུག ཕྱི་ལོ་༢༠༢༡ ལོ་ནས་ས་ཁུལ་དེའི་འགོ་གཙོ་དང་ནང་སོག་རང་སྐྱོང་ལྗོངས་ཟེར་བ་དེའི་ཁོངས་སུ་མིན་པའི་ས་ཁུལ་གཞན་གྱི་བུད་མེད་གཅིག་ལྷོ་སོག་གི་འགོ་གཙོ་ཆགས་པ་འདས་པའི་ལོ་༣༠ རྗེས་སུ་ཐེངས་དང་པོ་དེ་ཡིན་འདུག ཝང་ལི་ཤ་ཟེར་བའི་བུད་མེད་དེ་གཙོ་འཛིན་མ་ཆགས་པའི་སྔོན་དུ་གཙོ་འཛིན་སོག་པོའི་མི་རིགས་ཡིན་པའི་(Bu Xiaolin)་ཟེར་བ་ཞིག་ཡོད་འདུག་ཀྱང་། བུད་མེད་དེའི་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་ནས་དགོངས་པ་ཞུས་ཡོད་འདུག་ཅིང་། རྒྱུ་མཚན་དེ་ལ་བརྟེན་ནས་ཝང་ལི་ཤ་ཟེར་བའི་བུད་མེད་དེ་ལྷོ་སོག་གི་གཙོ་འཛིན་དུ་བསྐོས་ཡོད་འདུག འོན་ཀྱང་། ཕྱི་ལོ་༢༠༢༠ ནས་ཕྱི་ལོ་༢༠༢༢ ཟླ་བ་༡༢ བར་ལྷོ་སོག་གམ་ནང་སོག་རང་སྐྱོང་ལྗོངས་ཟེར་བ་དེའི་འགོ་ཁྲིད་ཁྲོད་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་དང་ཏང་གི་སྒྲིག་ཁྲིམས་འགལ་ཡོད་མེད་ཀྱི་ཞིབ་བཤེར་ཟེར་བ་བྱེད་འགོ་བཙུགས་ཡོད་འདུག་ཅིང་། དེ་ནས་བཟུང་ཁྱོན་དོན་རྐྱེན་༨༠༠ དང་མི་སྒེར་པ་༡༡༦༣ ཙམ་ཞིབ་བཤེར་བྱས་རྗེས་ཁྱོན་མི་༩༤༢ ཁྲིམས་ཆད་ཕོག་ཡོད་པར་བརྗོད་འདུག
ཕྱི་ལོ་༢༠༢༡ ལོར་བུད་མེད་དེ་འགོ་ཁྲིད་བསྐོ་དུས་ལྷོ་སོག་ནང་ཤེས་ཡོན་སྲིད་བྱུས་ལ་འགྱུར་བ་བཏང་ནས་རྒྱ་སྐད་གཙོ་བོ་བྱས་པའི་སློབ་ཚན་འཁྲིད་དགོས་པའི་ལམ་ལུགས་ཤིག་བཟོས་པའི་རྐྱེན་གྱིས་མི་མང་ཕོན་ཆེན་པོས་ངོ་རྒོལ་བྱས་ཡོད་འདུག
ཕྱི་ལོ་༢༠༠༠ ཙམ་ནས་ཁོང་མོའི་མི་ཚེའི་ནང་སྲིད་དོན་ཁྲོད་ལས་ཀ་བྱེད་འགོ་བཙུགས་ཡོད་འདུག་ཅིང་། ཐོག་མར་(Shaanxi)་ཧྲན་ཞིས་ཞིང་ཆེན་གྱི་འགན་འཛིན་གཞོན་པའི་ལས་གནས་ཐོག་ལོ་ལྔར་བསྡད་རྗེས། ཕྱི་ལོ་༢༠༡༡ ལོར་ཞིང་ཆེན་དེའི་གྲོང་ཁྱེར་(Tongchuan)གྱི་སྤྱི་ཁྱབ་དང་དམར་ཤོག་པའི་དྲུང་ཆེ་བསྐོས་ཤིང་། ཕྱི་ལོ་༢༠༡༣ ལོར་ཞིང་ཆེན་དེའི་སྲིད་སྐྱོང་དུ་བསྐོས་ཡོད་འདུག
རྒྱ་ནག་ནང་ཞིང་ཆེན་དང་རང་སྐྱོང་ལྗོངས་ཟེར་ནས་འབོད་བཞིན་པའི་ས་ཁུལ་ཁྱོན་༤༣ ཡོད་འདུག་པ་དང་། ཕྱི་ལོ་༢༠༡༨ ནས་ས་ཁུལ་དྲུག་གི་གཙོ་འཛིན་རྣམས་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་དང་། ཏང་གི་སྒྲིག་ཁྲིམས་ནས་འགལ་ཡོད་པར་བརྗོད་ནས་ཕྱིར་འཕུད་བཏང་བ་དང་། ཞིབ་བཤེར་བྱེད་བཞིན་པ་བཅས་བྱུང་ཡོད་འདུག དཔེར་ན། བོད་རང་སྐྱོང་ལྗོངས་ཟེར་བ་དེའི་གཙོ་འཛིན་ཆེ་དགྲ་ལྷ་དང་། (Guangxi Zhuang)ཀོང་ཞིས་ཞིང་ཆེན་གྱི་གཙོ་འཛིན་
(Lan Tianli)(Ningxia Hui)རང་སྐྱོང་ལྗོངས་ཟེར་བ་དེའི་འགོ་གཙོ་(Liu Hui) ཕྱི་ལོ་༢༠༡༨ ནང་ལྷོ་སོག་གི་འགོ་གཙོ་(Yang Jing)་ཡང་ཅིང་དང་། ཤར་ཏུར་ཀི་སི་ཐན་གྱི་འགོ་གཙོ་(Nur Bekri)་བཅས་ཁྱོན་དྲུག་མེད་པ་བཟོས་ཡོད་འདུག་ལ། ཤར་ཏུར་ཀི་སི་ཐན་གྱི་འགོ་གཙོ་ལྟ་བུར་མཚོན་ན་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།