ཤར་ཏུར་ཀི་སི་ཐན་གྱི་འགོ་ཁྲིད་ཅིག་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་ཞིབ་བཤེར།

རྒྱ་ནག་གཞུང་གིས་རྒྱ་ནག་གི་ས་ཐོག་ཏུ་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་རྒྱུ་ཡིན་ཞེས་པའི་འབོད་སྒྲའི་འོག་ཏུ་འགོ་ཁྲིད་མང་པོ་ཞིག་ལ་ཞིབ་བཤེར་དང་བཙོན་འཇུག སྲོག་ཁྲིམས་སོགས་ཀྱི་ཉེས་ཆད་ཕོག་མཁན་དུ་མ་བྱུང་ཡོད་འདུག་པ་དང་། ཉེ་ཆར་ཤར་ཏུར་ཀི་སི་ཐན་གྱི་འགོ་ཁྲིད་ཅིག་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་འཛིན་བཟུང་དང་ཞིབ་བཤེར་བྱེད་བཞིན་ཡོད་འདུག

པར། ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན།

ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༢ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་དོན་ལ། ཤར་ཏུར་ཀི་སི་ཐན་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ(Chen Weijun)ཟེར་བ་དེ་རྒྱ་ནག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་ནས་སྒྲིག་ཁྲིམས་ཚབས་ཆེན་འགལ་བ་དང་། ལྐོག་ཟ་རུལ་སུངས་བྱས་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་གིས་ད་ལྟ་ཞིབ་བཤེར་བྱེད་བཞིན་ཡོད་འདུག གནས་ཚུལ་དེ་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གི་ཆབ་སྲིད་ཅུས་(Politburo)ཀྱི་ཚོགས་འདུའི་སྐབས་སུ། རྒྱ་ནག་ནང་གི་ཞིང་ཆེན་ཁག་དང་རང་སྐྱོང་ས་ཁུལ། དབུས་གཞུང་གི་ཐད་སྐྱོང་ས་ཁུལ་ཁག་བཅས་ཀྱི་འགོ་ཁྲིད་མཐོ་གྲས་ཚོས་སྒྲིག་ཁྲིམས་འགལ་ཡོད་མེད་ཀྱི་ཞིབ་འཇུག་བྱེད་དུས་ཕྱིར་བསྒྲགས་བྱས་ཡོད་པ་ཤིན་ཧྭ་(Xinhua)གསར་ཁང་གིས་གནས་ཚུལ་སྤེལ་ཡོད་འདུག ཚོགས་འདུའི་སྐབས་སུ་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་གཙང་བཟོ་བྱེད་རྒྱུའི་ལས་དོན་དེ་སྔར་ལས་ལྷག་པའི་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱ་ནག་གི་ས་ཐོག་ཏུ་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་དགོས་པ། ཆབ་སྲིད་དང་ཁོར་ཡུག་གཙང་བཟོ་བྱེད་དགོས་ཞེས་བརྗོད་ཡོད་འདུག སྐབས་དེ་དུས་ཚོགས་འདུའི་ཐོག་ཏུ་ཤར་ཏུར་ཀི་སི་ཐན་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་(Chen Weijun)ཞེས་པ་དེ་ཡོད་མི་འདུག་ལ། མི་དེའི་ཚབ་ཏུ་(Chen Xizojiang)ཟེར་བའི་གྲངས་ཉུང་མི་རིགས་ཀྱི་ལས་དོན་ཐད་ཉམས་མྱོང་ཆེན་པོ་ཡོད་མཁན་ཞིག་བསྐོ་བཞག་བྱས་ཡོད་འདུག དེ་བཞིན་བདུན་ཕྲག་སྔོན་མའི་གཟའ་ལྷག་པ་ཉིན་རྒྱ་ནག་གི་སི་ཁྲོན་(Sichuan)གྱི་ཁྲིན་ཏུའུ་ (Chengdu)གྲོང་ཁྱེར་སྤྱི་ཁྱབ་(Wang Fengchao)ཞེས་པ་དེ་ཡང་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་བཀོད་འདུག
ཤར་ཏུར་ཀི་སི་ཐན་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཚོགས་གཚོ་གཞོན་པ(Chen Weijun)ཞེས་པ་དེ་ད་ལྟ་རང་ལོ་༥༩ ཡིན་འདུག་ཅིང་། ཀྲེ་ཅང་(Zhejiang)ཞིང་ཆེན་གྱི་མི་ཡིན་པ་དང་། ཞིང་ཆེན་དེའི་ནང་ཁྱོན་མི་ལོ་༣༠ ཙམ་གྱི་རིང་འགོ་ཁྲིད་བྱས་པའི་ཉམས་མྱོང་ཡོད་འདུག སྐབས་ཤིག་ལ་མི་དེ་རྒྱ་ནག་གི་མི་རབས་གཞོན་པའི་ཁྲོད་མཚན་སྙན་གྲགས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག ཤར་ཏུར་ཀི་སི་ཐན་ནང་ལ་མ་བཏང་གོང་ཝུན་ཀྲུའུ་(Wenzhou)གྲོང་ཁྱེར་གྱི་སྤྱི་ཁྱབ་པ་བྱས་ཡོད་འདུག་ཅིང་། ཕྱི་ལོ་༢༠༢༡ ནས་ཤར་ཏུར་ཀི་སི་ཐན་ནང་བཏང་ཡོད་འདུག སྤྱིར་བཏང་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་དེ་ས་ཁུལ་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག་ཅིང་། ས་ཁུལ་དེའི་བརྒྱུད་ནས་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ལས་འཆར་དེ་སྤེལ་བཞིན་ཡོད་པ་དང་། དེ་བཞིན་དཀྱིལ་ཤར་ཡུལ་གྲུ་ཁག་དང་། གཞན་ཨེ་ཤི་ཡའི་ས་ཁུལ་མང་པོ་ཞིག་དང་འབྲེལ་བ་ཆགས་ཀྱི་ཡོད་པ། ད་དུང་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་གྱི་ས་ཁུལ་མང་པོའི་ནང་ཞིང་ལས་གཙོ་བོར་གྱུར་པའི་དཔལ་འབྱོར་མ་རྩ་ཕོན་ཆེན་པོ་བཙུགས་ཡོད་པས། ས་ཁུལ་དེའི་ནང་ཡོད་པའི་འགོ་ཁྲིད་དང་ལས་བྱེད་ཚོ་ལ་ལྟ་རྟོག་ནན་པོ་མ་བྱས་ཚེ་ལྐོག་ཟ་རུལ་སུངས་ཕོན་ཆེན་པོ་ཡོང་རྒྱུའི་ཉེན་ཁ་ཡོད་པ་ངོས་འཛིན་བྱེད་ཀྱི་འདུག
ཕྱི་ལོ་༢༠༢༢ ནས་ཤར་ཏུར་ཀི་སི་ཐན་གྱི་འགོ་ཁྲིད་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་ལ་བརྟེན་ནས་ཚེ་བཙོན་དང་། སྲོག་ཁྲིམས་སོགས་ཀྱི་ཉེས་ཆད་ཕོག་མཁན་མང་པོ་བྱུང་ཡོད་འདུག དཔེར་ན། འདི་ལོའི་ཕྱི་ཟླ་༡༡ ཚེས་༡ ཉིན་ཤར་ཏུར་ཀི་སི་ཐན་གྱི་དམར་ཤོག་ཚོགས་པའི་ཚོགས་གཙོ་(Jin Zhizhen)ཞིབ་བཤེར་བྱེད་འགོ་བཙུགས་ཡོད་པ་དང་། དམར་ཤོག་ཚོགས་གཙོ་ཟུར་པ་(Yang Fasen)ཡིས་རྒྱ་སྒོར་ས་ཡ་༡༤༧ ལྐོག་ཟ་བྱས་པའི་ཉེས་མིང་འོག་ཚེ་བཙོན་ཉེས་ཆད་ཕོག་ཡོད་པ། དེ་བཞིན་དམར་ཤོག་ཚོགས་གཙོ་དང་ཆབ་སྲིད་སློབ་སྟོན་པ་ཟུར་པ་ (Han Yong) གིས་རྒྱ་སྒོར་ས་ཡ་༢༦༡ ལྐོག་ཟ་བྱས་པའི་ཉེས་མིང་འོག་སྲོག་ཐོག་བཏང་བ། དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་(Li Pengxin)ཡིས་རྒྱ་སྒོར་ས་ཡ་༨༢༢ ལྐོག་ཟ་བྱས་པའི་ཉེས་མིང་འོག་ཉེས་ཆད་ཚབས་ཆེན་པོ་རིམ་པ་འགའ་ཕོག་ཡོད་ཚུལ་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།