སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་གནང་།
སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བོད་ཕྲུག་ས་ཡ་གཅིག་ལྷག་སློབ་འཇུག་བྱས་ཏེ་བོད་ཀྱི་རིག་གཞུང་རྒྱ་ནག་ཅན་དུ་སིམ་ཡལ་གཏོང་ཐབས་བྱེད་བཞིན་པར་ཐུགས་འཚབ་ཤུགས་ཆེ་གནང་ཡོད།
དེ་ཡང་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ལས་རོགས་ཨན་དེ་རི་གྷི་སི་བུར་ (Andrea Geissbühler) དང་། ཚོགས་མི་ནིག་གུ་གར་ (Nik Gugger) ། ཚོགས་མི་ཕ་བྷིན་མོ་ལི་ན་ (Fabian Molina) ། ཚོགས་མི་ནི་ཀོ་ལ་སི་ཝལ་ཌར་ (Nicolas Walder) ། ཚོགས་གཞོན་མ་ཡ་ག་རཕ་ (Maya Graf) ་བཅས་ཐུན་མོང་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ལ་སྔོན་འགྲོ་ནས་བཟུང་བོད་པའི་སློབ་ཕྲུག་རྣམས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཏང་སྟེ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་སློབ་གསོ་དེ་བརྒྱུད་བོད་པའི་ངོ་བོའི་རྩ་བ་སྟེ་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་རྩ་གཏོར་གཏོང་བཞིན་པར་ཧ་ཅང་ཐུགས་འཚབ་གནང་གི་ཡོད་པ་འཁོད་འདུག དེ་བཞིན་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཕ་བྷིན་མོ་ལི་ན་ (Fabian Molina) ཡིས་རྒྱ་ནག་གཞུང་གིས་བོད་ནང་གི་གཏན་འཇགས་སློབ་གྲྭ་དེ་དག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སིམ་ཡལ་གཏོང་ཐབས་རྩོམ་བཞིན་ཡོད་པ་རེད་ཅེས་གསུངས།
སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ནི་ཀོ་ལ་སི་ཝལ་ཌར་(Nicolas Walder) གྱིས་རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་རྣམས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཏང་སྟབས། བོད་པའི་སློབ་ཕྲུག་རྣམས་ནས་རང་གི་ཕ་སྐད་ཀྱི་ལམ་ནས་གོ་བརྡ་སྤྲོད་ཐུབ་ཀྱི་མེད་པ་དེས་བོད་མིའི་ངོ་བོ་རྩ་བརླག་ཏུ་འགྲོ་བར་གཞོགས་འདེགས་བྱེད་ཀྱི་ཡོད་ཅེས་གསུངས་འདུག
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས། སུད་སི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པས་བསྒྲགས་གཏམ་སྤེལ་ཏེ་མུ་མཐུད་བོད་དོན་སླད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
