སེ་རི་ཡའི་དམག་འཁྲུག་དང་རྒྱལ་སྤྱིའི་ཕྱོགས་ཁག་དབར་ཉེས་འཛུགས།
སེ་རི་ཡའི་ནུབ་ཕྱོགས་ས་གནས་ཨ་ཛཌེ་ཡི་ཁུལ་དུ། གནམ་གྲུ་ནས་དྲག་རྒོལ་བྱས་ཏེ་སྨན་ཁང་དང་སློབ་གྲྭ་ཁ་ཤས་ལ་གཏོར་སྐྱོན་བྱུང་ནས། མི་༥༠ ལྷག་གི་ཚེ་སྲོག་ཤོར་བར་ཕྱོགས་ཕན་ཚུན་དབར་ཉེས་འགེལ་བྱེད་རེས་དང་། རྒྱལ་སྤྱིའི་ཐོག་ནས་དེ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། ཧྥ་རན་སི་དང་ཏུར་ཀི་གཉིས་ཀྱིས་སྨན་ཁང་ལ་དྲག་རྒོལ་བྱས་པ་དེ་དམག་དུས་ཀྱི་ནག་ཉེས་ཡིན་པའི་སྐྱོན་བརྗོད་བྱས་པ་དང། ཏུར་ཀིའི་ཕྱི་དྲིལ་བློན་ཆེན་གྱིས་དྲག་རྒོལ་དེ་ཨུ་རུ་སུའི་བྱེད་ལས་ཡིན་སྐོར་བརྗོད་འདུག་ཀྱང། ཨུ་རུ་སུས་དེ་ལ་ལན་འདེབས་གང་ཡང་བྱས་མི་འདུག
དེ་བཞིན་ཨུ་རུ་སུར་སེ་རི་ཡའི་གཞུང་ཚབ་པས་དྲག་རྒོལ་དེ་ཨ་རིའི་བྱེད་ལས་ཡིན་པ་ཉེས་འཛུགས་བྱས་འདུག་ཀྱང། ཨ་རིས་དེ་ནི་བདེན་པ་མིན་ཚུལ་དང་ས་གནས་དེར་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་དབང་ཤུགས་མེད་པས། ཁོ་ཚོར་ས་གནས་དེ་ལ་དྲག་རྒོལ་བྱེད་དོན་མེད་སྐོར་ལན་འདེབས་བྱས་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་བདེ་རྩའི་ཁྲིམས་ལུགས་ལ། དམག་འཁྲུག་སྐབས་སྨན་ཁང་དང་ནད་པ། སྨན་པ་སོགས་ལ་དྲག་རྒོལ་བྱེད་མི་ཆོག་པ་དང། དགྲ་བོ་སྨན་ཁང་ནང་དུ་བྲོས་ཀྱང་སྨན་ཁང་ལ་དྲག་རྒོལ་བྱེད་ཆོག་གི་མེད་ཀྱང། ཐེངས་འདིའི་དྲག་རྒོལ་ལ་འགན་ལེན་མཁན་མེད་པ་མ་ཟད། སེ་རི་ཡའི་དམག་འཁྲུག་གི་ཕྱོགས་ཁག་ཕན་ཚུན་དབར་ཉེས་འཛུགས་བྱེད་རེས་བྱེད་བཞིན་འདུག
བདུན་ཕྲག་སྔོན་མར་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཕུད་པའི་ཕྱོགས་ཁག་གཞན་དབར་དམག་མཚམས་འཇོག་པའི་གྲོས་མཐུན་བཞག་སྟེ། བདུན་ཕྲག་གཅིག་ནང་ཚུད་དམག་མཚམས་བཞག་ནས། དམག་འཁྲུག་གིས་གཏོར་སྐྱོན་སོང་བའི་ས་གནས་ཁག་ལ་རྒྱལ་སྤྱིའི་རོགས་ཚོགས་འགྲོ་བཅུག་རྒྱུར་མོས་མཐུན་བྱུང་ཡོད་ཀྱང། ཨུ་རུ་སུས་གནམ་གྲུ་ནས་ཁ་ཆེ་འཇིགས་སྐུལ་རིང་ལུགས་པར་དྲག་རྒོལ་མུ་མཐུད་བྱེད་རྒྱུ་ཡིན་པ་ལས་མཚམས་འཇོག་བྱེད་རྒྱུར་མོས་མཐུན་བྱས་མེད་འདུག
མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཐེངས་འདིའི་དྲག་རྒོལ་གྱིས་དམག་མཚམས་འཇོག་རྒྱུར་གནོད་པ་སྐྱེལ་སྲིད་སྐོར་འགྲེལ་བརྗོད་བྱས་འདུག
སེ་རི་ཡའི་དམག་འཁྲུག་དེ་ལོ་ལྔ་པར་འགྲོ་བཞིན་ཁར། དེའི་ཁྲོད་མི་འབུམ་གཉིས་དང་ཁྲི་ལྔ་ལས་མང་བའི་སྲོག་ཤོར་ཡོད་པ་དང། མི་ས་ཡ་༡༡ ཙམ་ཡུལ་འཁྱར་པ་ཆགས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།