སྐུ་ཞབས་ཏཱ་པིར་གའོ་ཡིས་རྒྱ་གར་གྲོས་ཚོགས་སུ་༧གོང་ས་མཆོག་ལ་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཏ་ན་འབུལ་དགོས་པའི་འབོད་སྐུལ་ཞུས་འདུག
རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཏཱ་པིར་གའོ་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་སུ་༧གོང་ས་མཆོག་ལ་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཏ་ན་འབུལ་དགོས་པའི་འབོད་སྐུལ་ཞུས་འདུག

ཟླ་འདིའི་ཚེས་༣༠ ཉིན། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དང་། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེ་ནས་ཡིན་པའི་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཏཱ་པིར་གའོ་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་སུ་༧གོང་ས་མཆོག་ལ་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཏ་ན་འབུལ་དགོས་པའི་འབོད་སྐུལ་ཞུས་འདུག
ཁོང་གིས་འབོད་སྐུལ་དེ་གྲོས་ཚོགས་འོག་མ་(Lok Sabha) ནང་གི་དུས་ཚོད་སྟོང་པའི་(Zero Hour) སྐབས་སུ་གླེང་སློང་གནང་ཡོད་ཅིང་། སྐབས་དེར་ཁོང་གིས་རྒྱ་གར་ནི་འཚེ་བ་མེད་པའི་ཡུལ་ལུང་ཞིག་ཡིན། ༧གོང་ས་མཆོག་ནི་འཚེ་མེད་ཞི་བ་དང་བྱམས་བརྩེའི་ཕོ་ཉ་ཞིག་ཡིན། རྒྱ་གར་གཞུང་གིས་ཁོང་ལ་བྷ་རཏ་རཏ་ནའི་གཟེངས་རྟགས་ཕུལ་ཏེ་ཁོང་གི་མཛད་རྗེས་ལ་ངོས་འཛིན་གནང་དགོས་ཞེས་དང་།
ཕྱི་ཟླ་༧ ཚེས་༦ ཉིན། ༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། ༧གོང་ས་མཆོག་གིས་ནང་པ་ཙམ་མ་ཡིན་པ། འགྲོ་བ་མི་སྤྱི་ཡོངས་ལ་ཕན་པའི་འགྲན་ཟླ་བྲལ་བའི་མཛད་རྗེས་བཞག་ཡོད་ཅིང་།
ད་ལྟའི་ཆར་༧གོང་ས་མཆོག་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཙམ་མ་ཡིན་པར། འཛམ་གླིང་ཡོངས་ཀྱི་ཞི་བདེའི་མཚོན་རྟགས་ཤིག་ཀྱང་རེད། ཁོང་གི་བཀའ་སློབ་ཀྱིས་མི་རབས་མང་པོར་བློ་སྐྱེད་བསྩལ་ཡོད་པས། ཁོང་ལ་བྷ་རཏ་རཏ་ནའི་གཟེངས་རྟགས་འབུལ་འོས་པ་ཡིན་ཞེས་གསུངས་འདུག
གྲོས་ཚོགས་འཐུས་མི་ཁོང་གིས་གྲོས་ཚོགས་སུ་བོད་དོན་དང་༧གོང་ས་མཆོག་གི་སྐོར་གླེང་བ་ཐེངས་དང་པོ་མ་ཡིན་པར། ན་ནིང་ཕྱི་ཟླ་༡༢ ཚེས་༡༦ ཉིན། ཁོང་གིས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུགས་ལ་རྒྱ་གར་གཞུང་ནས་ངོས་འཛིན་དང་། ༧གོང་ས་མཆོག་ལ་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཏ་ན་ (Bharat Ratna) འབུལ་དགོས་པ། རྒྱ་ནག་དམར་གཞུང་གིས་མགོན་པོ་གང་ཉིད་ཀྱི་༧སྐུའི་ཡང་སྲིད་ཐད་ངན་བྱུས་གཤོམ་བཞིན་པར་རྒྱ་གར་གཞུང་ནས་གདོང་ལེན་གནང་དགོས་སྐོར་གསུངས་ཡོད་པ་རེད།
གསར་འགོད་པ། བློ་བཟང་རྒྱ་མཚོ།