སྒོར་གཞས་ནི་བོད་ཀྱི་རེ་བ་ཞིག་རེད།
(བོད་ཀྱི་བང་ཆེན་ཚགས་ཤོག་སྤྱིའི་འདོན་ཐེངས་༩༧༨)
ད་ལྟའི་ཆར་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གཙོ་བོ་རྒྱ་གར་དང་། བལ་ཡུལ། ཨ་རི་དང་ཡུ་རོབ་སོགས་སུ་རེས་གཟའ་ལྷག་པ་གཙོས་དུས་ཚོད་ནམ་ཡོད་ལ་ལྷག་དཀར་སྒོར་གཞས་འཁྲབ་སྟོན་གྱི་འདུ་འཛོམས་མང་པོ་ཞིག་ཡོད་པ་དང་། དེ་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཞིག་ཡོད་པ་ནི། འདུ་འཛོམས་བྱུང་སྟངས་ལ་བལྟས་ན་ཤེས་ཐུབ་པ་ཞིག་རེད། གླུ་གཞས་འཁྲབ་སྟོན་མི་འོས་པའི་བསམ་ཚུལ་ཤོད་མཁན་ཡང་རེ་ཟུང་མཐོང་རྒྱུ་འདུག། གནས་ཚུལ་གང་ཡིན་ཡང་ཕྱོགས་གཅིག་ནས་ལས་དོན་ལ་གྲུབ་འབྲས་གང་འཚམས་ཤིག་ཐོན་ཡོང་བའི་སྐབས་སུ་ཕྱོགས་གཞན་ཞིག་ནས་དེ་ལ་ཡག་སྡུག་གི་ལྟ་ཚུལ་སླེབས་པ་ནི་ཆོས་ཉིད་ལྟ་བུར་གྱུར་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་ད་ལྟའི་ཆར་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྔོན་མ་དང་བསྡུར་ན་ཧ་ཅང་ཉུང་དུ་ཕྱིན་ཟིན་པ་དང་། གཞུང་འབྲེལ་གྱི་མཛད་སྒོ་ཁག་ལ་བཅར་མཁན་ཡང་ཧ་ཅང་ཉུང་དུ་ཕྱིན་ཟིན་པས། བོད་མི་ནང་ཁུལ་འདུ་འཛོམས་ཀྱི་གོ་སྐབས་གཞན་དག་ཅིག་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཟིན།
སྤྱིར་བཙན་བྱོལ་བོད་མི་རྣམས་ལ་མཚོན་ན་གལ་ཆེ་ཤོས་བོད་དོན་འཐབ་རྩོད་བྱས་ནས་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་དགོས་པ་དེ་ཡིན། དེའི་ཐོག་ལ་བཙན་བྱོལ་བོད་མི་ཡོད་དོ་ཅོག་གིས་ནུས་པ་གང་ཡོད་ཀྱི་ཐོག་ནས་ཤུགས་རྒྱག་དགོས་པ་དེ་གལ་ཆེ་ཤོས་ཡིན་ནའང་། ད་ལྟའི་ཆར་བོད་དོན་འཐབ་རྩོད་ཀྱི་སེམས་ཤུགས་དང་ནུས་པ་འདོན་མཁན་མང་པོ་མེད། ཁ་ནས་བོད་ཀྱི་རིག་གཞུང་གཅེས་འཛིན་སྐོར་བཤད་མཁན་མང་པོ་ཡོད་ཀྱང་། དོན་དུ་བོད་ཀྱི་རིག་གནས་སྐོར་ལ་ལག་ལེན་དང་ནུས་པ་འདོན་མཁན་དཀོན་པ་མ་ཟད། དེའི་སྐོར་ལ་དགའ་ཞེན་ཡོད་མཁན་ཡང་ཧ་ཅང་མང་པོ་མེད། གནས་བབས་འདིར་ལྟ་བུར་སླེབས་པའི་སྐབས་འདིར་གཞས་ཞབས་བྲོ་ལ་བརྟེན་ནས་བོད་ཀྱི་རིག་གནས་ལ་དགའ་ཞེན་སླེབས་ཐབས་ཤིག་དང་། བོད་ཀྱི་ཛ་དྲག་གནས་སྟངས་ཀྱི་ཐོག་ལ་བསམ་བློ་ཅུང་ཙམ་རེ་འཁོར་མཁན་གྱི་མི་སྣ་མང་ཙམ་སྐྱེད་སྲིང་ཐུབ་པའི་ཐོག་ལ་རེ་བ་རྒྱག་ཆོག་པ་ཞིག་རེད། ད་ལྟ་ང་ཚོས་གནས་སྟངས་སྡུག་ས་དང་རེ་བ་ཆུང་ངུ་ལས་མེད་ཀྱང་ཤུགས་རྒྱག་དགོས་པ་ཞིག་ཏུ་གྱུར་ཡོད།
ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོང་བྱུང་བའི་བུ་ཕྲུག་དག་ལ་མཚོན་ན་བོད་སྐད་ཆ་ཚང་བ་ཞིག་རྒྱག་མི་ཐུབ་པའི་དཀའ་ངལ་ཡོད་པའི་དུས་འདིར། བོད་གཞས་འཁྲབ་རྒྱུ་ལ་དགའ་སྣང་སླེབས་པ་དང་མཉམ་དུ་རང་བཞིན་གྱིས་བོད་ཆས་གྱོན་དགོས་པ་དང་། བོད་ཆས་གྱོན་ཏེ་བོད་གཞས་འཁྲབ་པའི་སྐབས་བོད་པ་མང་པོ་དང་ཐུག་འཕྲད་བྱུང་ནས་བོད་པ་ནང་ཁུལ་དུ་བོད་སྐད་བཤད་དགོས་པའི་ཚོར་སྣང་ཡང་རང་བཞིན་གྱིས་སླེབས་ཡོང་བས། ད་ལྟའི་ཆར་བོད་གཞས་འཁྲབ་སྟོན་གྱི་འདུ་འཛོམས་དེར་དགོས་པ་དང་རྒྱུ་མཚན་རེ་བ་བཅས་ཡོད་པ་ཞིག་རེད། བོད་དོན་འཐབ་རྩོད་བྱེད་མ་ཐུབ་ན་བོད་ཀྱི་གཞས་དང་ཞབས་བྲོ་འཁྲབ་པ་དེ་ཡང་དགོས་མེད་དུ་བཤད་པར་རྒྱུ་མཚན་ཆེན་པོ་མེད། ལྷག་དཀར་སྒོར་གཞས་ཀྱི་འདུ་འཛོམས་ལ་བརྟེན་ནས་གནས་ཚུལ་ཆུང་ཙག་རེ་ཟུང་ཙམ་བྱུང་ཡོད་པ་ལས་སྤྱི་ཡོངས་ནས་གཞས་སྣ་འཁྲབ་སྟོན་ལ་བརྟེན་ནས་ནང་ཁུལ་མཐུན་སྒྲིལ་ཡོང་བར་ཕན་ཐོགས་བྱུང་ཡོད།
བཙན་བྱོལ་ནང་བོད་ཀྱི་གཞས་སྣ་འཁྲབ་སྟོན་སྐོར་ཆེད་མཁས་པ་མང་པོ་ཞིག་བྱུང་ན་དགའ་འོས་པ་ཞིག་རེད། འོན་ཀྱང་བཙན་བྱོལ་ནང་ཤེས་པ་དང་མཁས་པ་གཉིས་ལ་ཁྱད་པར་ཆེན་པོ་མི་འབྱེད་ཅིང་། ཤེས་པ་ཙམ་གྱིས་མཁས་པར་བརྩི་བ་དང་། མཁས་པ་ཡིན་ཡང་ཤེས་པ་ཙམ་ལས་དམིགས་བསལ་ཆེ་མཐོང་མེད། དེ་བཞིན་བོད་ཀྱི་རིག་གཞུང་ཞེས་པ་ལས། བོད་ཀྱི་རིག་གནས་ཞེས་པའི་ཐ་སྙད་དེ་ངག་ཐོག་ནས་ཕལ་ཆེར་བེད་མེད་དུ་གྱུར་ཡོད། སྤྱིར་རིག་གནས་ནི་རིག་གནས་ཆེ་ཆུང་བཅུའི་ཁྱབ་ཁོངས་དང་བཅས་པར་གོ་བ་དང་། རིག་གཞུང་ནི་རིག་གནས་དེ་དག་གི་སྐོར་གསལ་པོར་འཁོད་པའི་གཞུང་ལུགས་ལ་གོ གླུ་གཞས་འཁྲབ་སྟོན་ལ་བྱང་ཆུབ་པ་ཞིག་ཡིན་ནའང་། མི་དེས་གླུ་གཞས་ཀྱི་གཞུང་ལུགས་སྐོར་ནས་ཤེས་པའི་ངེས་པ་མེད་ལ། གླུ་གཞས་སྐོར་གྱི་གཞུང་ལུགས་ལ་མཁས་པ་ཆེན་པོ་ཡིན་ནའང་། མི་དེའི་དངོས་སུ་འཁྲབ་སྟོན་ཤེས་པའི་ངེས་པའང་མེད་པ་ལྟ་བུ་རེད། དེར་བརྟེན་རིག་གནས་དང་རིག་གཞུང་གི་གོ་བ་ལེན་སྟངས་ཐོག་ལ་བོད་ཕྱི་ནང་གཉིས་སུ་ཁྱད་པར་ཆེན་པོ་ཡོད།
མདོར་ན་ད་ལྟའི་དུས་འདིར་གཞས་སྣ་འཁྲབ་སྟོན་ལ་བརྟེན་ནས་བོད་ཀྱི་ངོ་བོ་མི་བརླག་པ་དང་། བོད་ཀྱི་གཏིང་ཟབ་པའི་རིག་གནས་ཁག་ལ་དོ་སྣང་དང་དགའ་ཞེན་སླེབས་པར་ཕན་ཐོགས་ཆེན་པོ་ཡོད་པས། གཞས་སྣ་འཁྲབ་སྟོན་འདུ་འཛོམས་ཀྱི་དར་སྲོལ་དེ་སྣང་མེད་གཏོང་རུང་བ་ཞིག་མིན་པ་མ་ཟད། མུ་མཐུད་ན་གཞོན་གང་མང་མཉམ་ཞུགས་ཐུབ་པར་ཤུགས་རྒྱག་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། བཙན་བྱོལ་ནང་རེ་བ་འདི་ཙམ་ལས་མེད་ཀྱང་དམ་འཛིན་བྱེད་མ་ཐུབ་ན་བོད་ཀྱི་རིག་གནས་ཕྱོགས་ཡོངས་ལ་མཁས་པ་ཞིག་འཚར་ལོང་ཡོང་ཁག་པོ་རེད། ད་ལྟའི་ཆར་བོད་མི་ཁ་ཤས་ཀྱི་བསམ་བློའི་ནང་བོད་ཀྱི་སྐད་ཡིག་གི་ཐོག་ནས་བསམ་ཚུལ་འབྲི་ཐུབ་པ་དང་། ཚིགས་བཅད་དང་རང་མོས་ལྟ་བུའི་སྙན་ངག་ཐུང་ངུ་རེ་ཟུང་ཙམ་འབྲི་སྤེལ་བྱེད་མྱོང་ན་མཁས་པ་ཡིན་པར་འདོད་མཁན་དང་། བོད་ཀྱི་རིག་གནས་ཆེ་ཆུང་བཅུ་ཡན་ལག་དང་བཅས་པར་མ་མཁས་ན་མཁས་པ་མིན་པའི་བསམ་ཚུལ་ཡོད་མཁན་ཡང་ཡོད་ཀྱང་། བོད་ཀྱི་གཞས་སྣ་འཁྲབ་སྟོན་ལ་མཁས་པའང་དགོས་ངེས་ཤིག་ཏུ་གྱུར་ཡོད།།