སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཀཿ ཐོག་དགེ་རྩེ་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ།
ཟླ་འདིའི་ཚེས་ ༢༥ ཉིན་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧ཀཿ ཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པའི་རྒྱལ་མཚན་སྐུ་གཤེགས་ནས་བདུན་ཚིགས་ལྔ་པ་ཡིན་པ་དང་། ཉིན་དེའི་ཞོགས་པའི་ཆུ་ཚོད་༨།༣༠ ཐོག་སྐུ་གདུང་ཨ་འཛོམས་དགོན་ནས་བལ་ཡུལ་ཡང་ལེ་ཤོད་ཀྱི་བདུད་འཇོམས་རྣམ་གྲོལ་ཆོས་གླིང་རི་ཁྲོད་དུ་གདན་འདྲེན་ཞུས་ཏེ་ཞུགས་འབུལ་ཞུས་ཡོད་པ་རེད།
ཉིན་དེའི་སྔ་དྲོ་ཕྱོགས་བཞིར་བཞུགས་པའི་བླ་ཆེན་ཏེ། ཤར་ཕྱོགས་སུ་༧སྐྱབས་རྗེ་ཀཿ ཐོག་སི་ཏུ་རིན་པོ་ཆེ་དབུ་བཞུགས་ཐོག་ཆོ་ག་ཀློང་གསལ་རྡོར་སེམས་དང་། ལྷོར་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་སྨིན་གླིང་རྡོར་སེམས། ནུབ་ཏུ་དཔལ་ཡུལ་༧སྐྱབས་རྗེ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག ཆོ་ག་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་བམ་འོད་ཆོག བྱང་དུ་ཞེ་ཆེན་མཆོག་སྤྲུལ་ཨ་འཛོམ་རྒྱལ་སྲས་རིན་པོ་ཆེ་དབུ་བཞུགས་ཐོག་སྨིན་གླིང་རྡོར་སེམས་བཅས་ཀྱི་ཆོ་གའི་ཐོག་ནས་ཞུགས་འབུལ་གནང་ཡོད་འདུག སྐབས་དེར་རིས་མེད་ཆོས་བརྒྱུད་ཁག་ནས་ཕེབས་པའི་སྐུ་ཚབ་རྣམ་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ། བལ་ཡུལ་དོན་གཅོད་དང་ཚོགས་གཙོ་ཟུར་པ་མཁན་པོ་བསོད་ནམས་བསྟན་འཕེལ་སོགས་ཕྱོགས་མཐའ་ཁག་ནས་ཞུགས་འབུལ་མཇལ་བཅར་དུ་ཡོང་བའི་དད་ལྡན་སེར་སྐྱ་ཕོན་ཆེན་འཛོམས་ཡོད་པ་རེད། སྐུ་གདུང་ཞུགས་འབུལ་གནང་ས་དེ་སྔོན་ཆད་དགེ་རྩེ་རིན་པོ་ཆེ་ལོ་༧ ལྷག་ལ་བཞུགས་མྱོང་ས་བདུད་འཇོམས་རིན་པོ་ཆེའི་རི་ཁྲོད་བདུད་འཇོམས་རྣམ་གྲོལ་ཆོས་གླིང་དུ་ཡིན་འདུག ཉིན་གུང་ཆུ་ཚོད་༡༢ ༥༠ ཙམ་ལ་སྐུ་གདུང་ཞུགས་འབུལ་ཚར་ནས་ཉིན་གུང་ཞལ་ལག་མཆོད་རྗེས་གནད་ཡོད་མི་སྣ་དག་ཕེབས་ཟིན་ཡང་། ཚོགས་མང་གིས་ཉིན་གུང་རྗེས་སུ་འཇམ་དཔལ་མཚན་བརྗོད་དང་བཟང་སྤྱོད་སྨོན་ལམ་སོགས་གསུངས་ནས་ཕྱི་དྲོ་ཆུ་ཚོད་༣ ༣༠ ལ་འཚོགས་གྲོལ་ཡོད་འདུག
༧སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་འདི་ལོའི་ཕྱི་ཟླ་ ༡༡ ཚེས ༡༩ ཉིན་བལ་ཡུལ་ཀྱི་ཡང་ལེ་ཤོད་དུ་གློ་བུར་སྐུ་གཤེགས་ཡོད་པ་དང་། སྐུ་མ་གཤེགས་པའི་སྔ་ཉིན་དུ་རིན་པོ་ཆེ་ནས་སང་ཉིན་ང་ཤི་འདུག་ཡོད་ན་ཕ་གའི་རིའི་སྒང་དུ་མེར་སྲེག་གཏོང་དགོས་ཞེས་གསུངས་ཡོད་པ་བཞིན་དབེན་པའི་རི་ཁྲོད་དེར་སྐུ་གདུང་ཞུགས་འབུལ་གནང་ཡོད་འདུག །
གསར་འགོད་པ་བསྟན་འཛིན་ལམ་བཟང་།