སྔ་འགྱུར་རྙིང་མས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཟླ་འདིའི་ཚེས་༡༨ ཉིན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ནས་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་དཔལ་ཡུལ་རྣམ་གྲོལ་གླིང་དགོན་པར་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུམ་ཞུས་ཡོད་པ་དང་། སྐབས་དེ་༧གོང་ས་མཆོག་གིས་ད་དུང་དགུང་གྲངས་བཅུ་ཕྲག་གཅིག་གཉིས་རིང་༸སྐུ་འཚོ་བཞུགས་མཛད་རྒྱུ་དང་། མ་འོངས་པ་ཕོ་བྲང་པོ་ཏ་ལའི་བཞུགས་ཁྲི་གླིང་ཁར་ལྷན་འཛོམས་ཡོང་བའི་ཐུགས་རེ་ཡོད་ཅེས་བཀའ་བསྩལ་འདུག

དེ་རིང་ས་ཆ་འདིར་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པའི་ཆོས་སྤྱི་དང་། དད་པ་དང་འདུན་པ། ཆིལ་སྒྲིལ་གྱི་ཐོག་བརྟན་བཞུགས་གནང་བ་རེད། རྟེན་འབྱུང་ཡིན་པས་ངོས་ཀྱིས་གཉན་འཕྲང་གི་དུས་སྐབས་འདིར་བོད་ཀྱི་བསྟན་པ་དང་འགྲོ་བའི་དོན་དུ་ཁ་ཡོད་ལག་ཡོད་ཕན་ཐོགས་བྱེད་ཐུབ་ཀྱི་འདུག་ཅེས་དང་།

བོད་གངས་ཅན་པ་ཚོས་དད་པ་དང་ཞེན་ཁོག་གི་ཐོག་ནས་ངོས་ལ་ཧ་ཅང་དགའ་མོས་བྱེད་ཀྱི་ཡོད། བོད་ཆོལ་ཁ་གསུམ་གྱི་བོད་རིགས་གཙོ་བོར་གྱུར་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་བཅས་ཚང་མས་ངོས་ལ་བརྩི་བ་དང་གུས་པ་ཆེན་མོ་ཡོད་བསྡད་པ་ཞིག་རེད། ངོས་ཀྱིས་དེ་ཚོ་མཐོང་ཡོང་དུས་ངོས་ཡུན་རིང་པོ་ཞིག་འཚོ་བསམ་པའི་སེམས་ཤུགས་སྐྱེ་སྡོད་ཀྱི་ཡོད་ལ་ངོས་ཀྱི་རྨི་ལམ་ནང་དུ་ཡང་ལོ་བརྒྱ་ཕྲག་ལྷག་ཅིག་བསྡད་རྒྱུའི་རྟགས་མཚན་ཞིག་ཡོང་གི་འདུག ད་ལྟའི་བར་དུ་ངོས་ཀྱིས་བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་ཞབས་འདེགས་གང་འཚམ་བསྒྲུབས་པ་རེད་ལ་ད་དུང་ཡང་ལོ་བཅུ་ཕྲག་གཅིག་གཉིས་ངོས་ཀྱིས་ཏན་ཏན་ཞབས་འདེགས་བསྒྲུབ་ཐུབ་ཀྱི་རེད་ཅེས་བཀའ་སློབ་བསྩལ་སོང་།ངོས་ཀྱི་མི་ཚེ་འདིའི་ནང་དུ་དཀའ་ངལ་ཆེན་པོ་མྱོང་བའི་ལེའུ་དེ་རྫོགས་ཟིན་པ་ལྟ་བུ་འདུག རིམ་བཞིན་འཛམ་གླིང་མི་མང་གི་གོ་རྟོགས་དངོས་གནས་དྲང་གནས་ཆེ་རུ་ཕྱིན་ནས་དངོས་ཡོད་གནས་ཚུལ་ཇེ་གསལ་ཇེ་གསལ་དུ་ཕྱིན་པའི་སྐབས་སུ། བོད་ཀྱི་བདེན་མཐའ་གསལ་ཡོང་བ་ཞིག་ཆགས་ཡོང་གི་འདུག་ཅེས་དང་།

༸གོང་ས་མཆོག་གིས་ང་རང་ཚོ་བོད་པ་གཙོ་བོ་འགྱུར་པའི་ངོས་ལ་དགའ་མོས་བྱེད་མཁན་དག་གིས་དགའ་མོས་ཇེ་ཙམ་ཡོད་པ་དེ་ཙམ་གྱིས་སོ་སོའི་མི་ཚེ་དེ་མི་ཚེ་བཟང་པོ་ཞིག་སྐྱེལ་དགོས་པ་དང་། ཕྲག་དོག་དང་ང་རྒྱལ། འགྲན་སེམས་དེ་འདྲའི་ཐོག་ནས་ཕྱིན་པ་ཡིན་ན་ངོས་ལ་དགའ་མོས་བྱེད་པའི་དོན་དག་ཚང་གི་ཡོད་མ་རེད་ཅེས་བཀའ་སློབ་གནང་སོང་།  མཐའ་དོན་དེ་༸གོང་ས་མཆོག་གིས་དེ་རིང་ང་ཚོ་འདིར་རྒྱ་གར་གྱི་ས་ཁུལ་ཞིག་ཏུ་ལྷན་འཛོམས་ཀྱིས་བརྟནབབཞུགས་བསྟར་འབུལ་ཞུས་པ་བཞིན་མ་འོངས་པར་ལྷ་ལྡན་གཙུག་ལག་ཁང་གི་ཉེ་འདབ། རྩེ་ཕོ་བྲང་པོ་ཏ་ལའི་བཞུགས་ཁྲི་གླིང་ཁ་ཞེས་རྒྱ་ཆེན་པོ་ཞིག་ཡོད་རེད། དེར་ང་ཚོ་རུབ་རུབ་བྱས། ཁྱེད་རང་ཚོས་བརྟན་བཞུགས་ཚེ་སྒྲུབ་གསུང་། ངོས་ཀྱིས་སྨོན་ལམ་ཡག་པོ་ཞིག་བཏབ། དེ་འདྲ་ཞིག་ཡོང་རྒྱུའི་རེ་བ་ཡོད་པ་ལྟ་བུ་ཞིག་འདུག་ཅེས་བཀའ་སློབ་བསྩལ་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།