སྔར་བོད་ཀྱི་མགོ་བོར་ཐོ་བ་གཞུ་མཁན་ནང་ཆོས་རེད་ལ་དེང་བོད་མིའི་ངོ་བོའི་རྩ་བ་འཛིན་མཁན་ཡང་ཆོས་ལུགས་རེད།
ཡེ་ཤེས་རྡོ་རྗེཿ ༡༠།༠༢།༢༠༡༣
ངས་རྒྱུན་དུ་སེམས་ནང་ཡོད་པའི་བསམ་ཚུལ་ཞིག་དེང་སང་གི་གླེང་ཕྱོགས་ཤིག་དང་འབྲེལ་ནས་འདིར་རྡོག་རྡོག་ཅིག་བཤད་རྒྱུ་ཡིན། ནང་ཆོས་བོད་ནང་སླེབས་རྗེས་ཐོག་མར་བོད་བཙན་པོའི་སྟོབས་ཤུགས་རྒྱས་ཡོད་མོད། འོན་ཀྱང་དེ་ནི་ནང་ཆོས་ལ་བརྟེན་ནས་ཡིན་པ་བརྗོད་དཀའ་བ་ཞིག་རེད། འོན་ཀྱང་རིམ་བཞིན་བོད་བཙན་པོའི་སྟོབས་ཤུགས་ཉམས་རྒུད་དུ་སོང་ཡོད་པ་འདི་ནི་ནང་ཆོས་ལ་བརྟེན་ནས་བྱུང་བ་ཡིན་པའི་དོགས་པ་རང་བཞིན་གྱིས་མི་བྱེད་རང་བྱེད་རེད། ཅིའི་ཕྱིར་ཞེ་ན། ནང་ཆོས་ཀྱི་སློབ་གསོ་གཙོ་བོ་ནི་གཞན་ཕན་གྱི་བསམ་བློ་དེ་ཡིན་ཞིང་། དེ་ཡང་ཕམ་ཁ་རང་གིས་ཁུར་ནས་རྒྱལ་ཁ་གཞན་ལ་སྤྲོད་དགོས་པའི་ལྟ་གྲུབ་དང་དྲིལ་བསྒྲགས། ཉམས་ལེན་བཅས་བྱེད་ཀྱི་ཡོད་ཙང་རེད། དེ་བཞིན་བོད་ཀྱི་བཙན་པོ་དཀྲོངས་མཁན་ཡང་ནང་པའི་གྲྭ་པ་ཞིག་རེད་ལ། སྔར་བཙན་པོའི་དམག་དཔུང་ཡོང་སའི་བོད་ཀྱི་སྐྱེས་པ་རྣམས་ནང་པའི་གྲྭ་བར་བསྒྱུར་བ་རེད། དེར་བརྟེན་ནང་ཆོས་ཀྱི་རྐྱེན་གྱིས་བོད་ཀྱི་ཆབ་སྲིད་དང་དམག་དོན་གྱི་སྟོབས་ཤུགས་ཉམས་རྒུད་བཏང་བའམ། གཏོང་རྒྱུར་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པ་དེ་ངོས་ལེན་བྱེད་དགོས་པ་ཞིག་རེད་དྲན། དེ་དང་མཉམ་དུ་དྲན་གསོ་གཏོང་རྒྱུ་ཞིག་ལ། གལ་ཏེ་ང་ཚོ་ལོ་ངོ་༡༤༠༠ ཙམ་ཕྱིར་ལོག་རྒྱག་རྒྱུ་ཡོད་ན། ནང་པའི་རྒྱལ་ཁབ་གཞན་མང་པོ་ལྟར་ང་ཚོའི་ནང་ཆོས་འདི་ཆབ་སྲིད་ཐོག་ཤུགས་རྐྱེན་མེད་པའི་ལམ་ལུགས་ཤིག་ངེས་པར་དུ་བཟོ་དགོས་ངེས་རེད་དེ། ཕྱིར་ལོག་དེ་འདྲ་བྱེད་རྒྱུ་མེད་ཙང་ད་ལྟ་འཁང་ར་ཁོ་ན་བྱས་ནས་བསྡད་ན་ཡང་ཕན་པ་ཅི་ཡང་མེད། དེས་ན་ད་ལྟ་ང་ཚོས་ངེས་པར་དུ་ལྟ་དགོས་པ་དེ་ནི། བོད་སིལ་བུར་འཐོར་རྗེས་དང་ལྷག་པར་དུ་ད་ལྟའི་དུས་ཚོད་ལ་བོད་ཀྱི་ཆོས་ཀྱི་ཕན་གནོད་ཀྱི་རིན་ཐང་ཐད་ལ་བསམ་བློ་གཏོང་དགོས་པ་ཞིག་རེད་དྲན། ངས་སྔོན་མ་ཞིག་ལ་ངོ་དེབ་ནང་འདིའི་སྐོར་གཅིག་འབྲི་མྱོང་ཡོད།
སྔར་བོད་འདི་ཉིད་འཛམ་གླིང་འདིའི་ནང་ཡར་ལངས་ནས་གོམ་པ་སྤོས་ནས་འགྲོ་བཞིན་པའི་སྐབས་སུ་ནང་ཆོས་ཀྱིས་ང་ཚོའི་མགོ་ལ་རྡོ་གཞུས་ནས་ང་ཚོ་མར་འགྱེལ་བཅུག་ཡོད་སྲིད། འོན་ཀྱང་མར་འགྱེལ་རྗེས་དཔྲལ་བ་ས་ལ་མ་ཐུག་པར་པུས་མོའི་ཐོག་ལ་གནས་ཐུབ་པ་འདིར་ནང་ཆོས་ཀྱིས་ཕན་ཐོགས་འདུག་དྲན་གྱི་ཡོད། བོད་སིལ་བུར་འཐོར་བ་དང་དེ་རྗེས་ང་ཚོ་མིང་འདྲ་མིན་གྱི་རྣམ་པའི་འོག་ནས་གཅིག་སྒྲིལ་དུ་གནས་མེད་པའི་གནས་སྟངས་བྱུང་ཡོད་མོད། དེའི་སྐབས་སུ་ཆོས་ལུགས་ཀྱིས་བོད་ཁྱོན་ཡོངས་སུ་དོན་ཐོག་རྦད་དེ་ཁ་མ་འཐོར་བར་བཟུང་ཡོད། དེ་ནི་བོན་གཙོས་པའི་བོད་ཀྱི་ཆོས་ལུགས་ཚང་མའི་མ་དགོན་དབུས་གཙང་གི་ཕྱོགས་ལ་ཡོད་པར་བརྟེན་ནས་རེད། གལ་ཏེ་བོད་ཀྱི་ཆོས་ལུགས་འདི་མེད་ཚེ། བོད་ཀྱི་ས་ཁུལ་ཁག་བར་འབྲེལ་ལམ་ཆད་ནས་དེང་སང་ཆོལ་ཁ་གསུམ་དང་བོད་ཀྱི་ས་ཁུལ་ཟེར་བ་སོགས་འབོད་སའི་མིང་དང་འཇུ་སའི་ལུང་ཡོད་པ་འདི་འདྲ་ཞིག་ལྷག་ཡོད་སྲིད་པའི་རྒྱུ་མཚན་མཐོང་གི་མི་འདུག སྐད་ཡིག་གཅིག་པ་དང་། གོམས་གཤིས་གཅིག་པ་ཡིན་ཡང་དེའི་བརྒྱུད་ནས་འབྲེལ་བ་འཛིན་མཁན་གྱི་སྒྲིག་འཛུགས་དང་བྱེད་སའི་བརྒྱུད་ལམ་ཞིག་ཡོད་མ་རེད། ཆོས་ལུགས་འདི་དག་ཚགས་ཚུད་པའི་སྒྲིག་འཛུགས་་དང་ལྡན་པ་ཞིག་ཡིན་པར་བརྟེན་ནས། དེའི་བརྒྱུད་ནས་མིང་ལ་རྒྱ་སྡེ་ཧོར་སྡེ་བོད་སྡེ་སོགས་ག་རེ་བཏགས་མིན་ལ་མ་ལྟོས་པར་ནང་དོན་ཐོག་བོད་མིའི་ཕྱི་ལུས་ཀྱིས་ཕར་འགྲོ་ཚུར་འོང་གི་འབྲེལ་ལམ་རྒྱུན་མི་ཆད་པ་བྱེད་དགོས་པ་བཟོས་པ་མ་ཚད། ནང་སེམས་ཁམས་ཀྱང་ཁ་ཕྱོགས་ས་གཅིག་ལ་གནས་ཐུབ་པ་བཟོས་འདུག་དྲན། ང་ཚོས་མཐོང་ཐུབ་པ་ཞིག་ལ། མདོ་སྟོད་སྨད་གཉིས་ནང་ལ་ཡང་དགོན་པ་ཅི་ཙམ་ཆེན་པོ་ཡོད་སའི་ས་ཁུལ་དུ་བོད་ཀྱི་སྟོབས་ཤུགས་ཀྱང་གང་ཙམ་ཆེན་པོ་བྱས་ནས་གནས་ཡོད་པར་རྟེན། དགོན་སྡེ་དེ་དག་བོད་ཀྱི་ལྕགས་རི་ལྟ་བུ་ཞིག་རེད་འདུག་བཤད་ན་འགྲིག
དུས་ཕྱིས་སུ་ང་ཚོའི་མཐོང་ཆོས་སུ་ཡོད་པའི་གནས་ལུགས་ཐད་ནས་བཤད་ན། རྒྱ་ནག་གུང་ཁྲན་གྱིས་བཙན་འཛུལ་བྱས་སྐབས། གདོང་ལེན་ནང་ཞུགས་ཆོག་ཆོག་ཡོད་མཁན་མང་པོ་ཞིག་གྲྭ་པ་རྣམས་རེད། ལྷག་པར་དུ་ཕྱི་ལོ་༡༩༨༧ ལོར་བོད་ནང་ཞི་བའི་ལས་འགུལ་སྤེལ་རྒྱུ་འགོ་འཛུགས་མཁན་གྲྭ་བཙུན་རྣམས་རེད་ལ། དེ་ནས་བཟུང་ས་ཁུལ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཆེ་ཕྲ་ཆུང་གསུམ་སྤེལ་མཁན་ཤུགས་ཆེ་ཤོས་ཤིག་ནང་གྲྭ་བཙུན་རྣམས་ཞུགས་ཡོད། དེ་ལ་རྒྱུ་མཚན་ཡོད་དེ། གྲྭ་བཙུན་རྣམས་ནི་རང་སོ་སོ་མ་གཏོགས་ཕྲུ་གུ་སོགས་སེམས་འཁོར་ས་མེད་པར་བརྟེན་ནས། ཁོང་ཚོས་སེམས་ཐག་བཅད་ནས་བློས་གཏོང་བྱེད་རྒྱུར་ལས་སླ་བ་ཡོད་སྲིད་ལ། དེ་བཞིན་རང་སོ་སོ་ལ་ཐོབ་པའི་སློབ་གསོ་དེ་བོད་རང་གིས་གཏན་ལ་ཕབ་པའི་སློབ་གསོའི་ལམ་ལུགས་ཤིག་གི་འོག་ནས་ཐོབ་ཀྱི་ཡོད་ཙང་དེ་ཡིས་ཀྱང་བོད་དྲི་དང་བོད་ཞེན་ལ་ལྷད་མི་ཡོང་བའི་ཁྱད་པར་ཡང་ཡོད་སྲིད། གང་ལྟར་རང་ལུས་མེར་སྲེག་གནང་མཁན་ནས་སྲང་ལམ་དུ་ཡི་གེ་གཏོར་མཁན་བར་གྱི་ལས་འགུལ་ནང་ཞུགས་མཁན་ཆེས་མང་པོ་ཞིག་བོད་ཀྱི་གྲྭ་བཙུན་རྣམས་ཡིན་པར་བརྟེན། ཆོས་ལུགས་ཀྱིས་བོད་ཀྱི་ལས་འགུལ་ནང་ལ་ཡང་ཞབས་འདེགས་ཆེན་པོ་ཞུས་དང་ཞུ་མུས་རེད།
དེ་དག་ལས་ཀྱང་གལ་ཆེ་ཤོས་གཅིག་ནི། ད་ལྟ་བོད་ཀྱི་གནས་སྟངས་འདི་བོད་མིའི་ངོ་བོ་གནས་དང་མི་གནས་ཟེར་བའི་དུས་མཚམས་སུ་སླེབས་ཡོད་པར་བརྟེན། བོད་ཀྱི་ཆོས་ལུགས་དང་བོད་མིའི་རིག་གཞུང་གཉིས་ཁ་ཁར་དབྱེ་རྒྱུ་མེད་པ་ཞིག་ཆགས་ཟིན་པ་ཡིན་ཙང་བོད་མིའི་ངོ་བོ་གནས་དགོས་ན། བོད་ཀྱི་སྐད་ཡིག་དང་ཆོས་ལུགས་གཉིས་དང་འབྲེལ་བའི་རིག་གཞུང་འདི་མེད་ཐབས་མེད་པ་ཞིག་རེད། དེར་བརྟེན། ད་ལྟ་བོད་པུས་མོའི་ཐོག་ལ་གནས་ཐུབ་པ་འདི་ཆོས་ལུགས་ཀྱི་བཀའ་དྲིན་མིན་པ་ཞིག་རེད་མི་འདུག་དྲན། དེར་བརྟེན། ང་ཚོས་བོད་ཀྱི་ས་དགེ་བཀའ་རྙིང་བོན་དང་བཅས་པ་ཞེས་འབོད་པའི་ཆོས་ལུགས་འདི་དག་སྲུང་སྐྱོབ་བྱེད་རྒྱུ་དེ་བོད་ཀྱི་སྲོག་རྩ་སྲུང་སྐྱོབ་བྱེད་པ་ཞིག་རེད། ད་ལྟའི་དུས་ལ། སྔོན་མ་བཀྲས་ཆུང་ལགས་ཀྱི་གཞས་གཅིག་ནང་བྲིས་པ་ནང་བཞིན། བན་སེར་མོ་ནི་ང་ཚོའི་ཞི་བའི་དམག་དཔུང་དེ་ཆགས་སྡད་ཡོད་པ་གསལ་པོ་རེད།
དེང་སྐབས་བོད་ཕྱི་ནང་དུ་ཆོས་ལུགས་ཐོག་ལྟ་ཚུལ་དང་གླེང་ཚུལ་གསར་པ་ཞིག་ཡོང་བཞིན་པའི་སྐབས་སུ། ང་ཚོས་བསམ་བློ་འདི་འདྲ་ཞིག་བཏང་ན་བཟང་བ་མེད་དམ་དྲན།
ད་དུང་དེང་སང་བཙན་བྱོལ་སྤྱི་ཚོགས་སུ་ནང་ཁུལ་གྱི་ཆབ་སྲིད་ཀྱི་འཐེན་འཁྱེར་ལ་གདོང་ལེན་བྱེད་པའི་གུ་དོག་གི་ཁོར་ཡུག་ནང་ཆོས་ལུགས་མི་སྣས་སྲིད་དོན་ཐོག་འགན་ཁུར་མི་རུང་བའི་གླེང་གཞི་བཟོས་ཏེ་བླུན་རྟགས་སྟོན་བཞིན་པའི་སྐབས་སུ་ཡང་ངེས་ཤེས་འདི་ཡོང་དགོས་པ་གཅིག་རེད་འདུག་དྲན། ཕྱི་ལོ་༡༩༩༠ གོ་གྲངས་ནང་ཕྲན་ཨ་རིར་ཡོང་སྐབས། བོད་མི་འདི་རྣམས་ཀྱིས་ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་ཆོས་ཚོགས་ཁག་གིས་བོད་ཀྱི་རྩ་དོན་ལ་འགན་ཁུར་གྱི་མི་འདུག་ཅེས་བློ་ཕམ་དང་སྐྱོན་བརྗོད་བྱེད་ཀྱི་འདུག གལ་ཏེ་ཆོས་ཚོགས་ཆུང་ཆུང་དེ་རྣམས་ཀྱིས་བོད་ཀྱི་ཆབ་སྲིད་ལ་འགན་ཁུར་དགོས་ཀྱི་ཡོད་པ་མཐོང་གི་ཡོད་ཚེ། བོད་ཀྱི་དགོན་སྡེ་དང་གྲྭ་བཙུན་རྣམས་ཀྱིས་བོད་ཀྱི་ཆབ་སྲིད་ལ་དེ་བས་ཀྱང་འགན་ཁུར་དགོས་པ་ཞིག་མ་རེད་དམ། བོད་ཀྱི་རྩ་དོན་ཟེར་བ་འདི་བོད་དང་བོད་མི་དམངས་ཀྱི་ཆེད་དུ་ཡིན་པར་བརྟེན། ཆོས་ལུགས་མི་སྣས་ཀྱང་ད་བར་འགན་འཁུར་བཞིན་པར་ཚང་མས་རྗེས་སུ་ཡི་རང་ཞུ་དགོས་པ་མ་ཟད་མུ་མཐུད་ནས་འགན་ཁུར་རྒྱུ་ལ་བར་ཆད་གཏོང་མི་རུང་བ་ཞིག་རེད།
འོན་ཀྱང་དེ་དང་མཉམ་དུ།། བོད་ཀྱི་བླ་མ་དང་གྲྭ་བཙུན་རྣམས་ཀྱིས་ཀྱང་བོད་མི་དམངས་ཀྱིས་ཆོས་ལུགས་ཐོག་བཟུང་བའི་ཡིད་ཆེས་དང་རིན་ཐང་ལ་དོ་ཕོག་མི་ཡོང་བ་གནང་དགོས་པ་འདི་བོད་ཀྱི་ངོ་བོའི་ཚེ་སྲོག་རྒྱུན་རིང་སྲིང་ཐུབ་དང་མི་ཐུབ་བར་འབྲེལ་བ་ཡོད་སྲིད་པ་རེད་དྲན། དེ་མིན་དེང་སང་རྒྱ་བླ་ཞེས་བོད་མི་མང་པོས་རྣམ་རྟོག་བྱེད་འགོ་བཙུགས་པའི་གནས་སྟངས་འདི་དག་མུ་མཐུད་ནས་སྡུག་ཏུ་སོང་ཚེ་སྔོན་མ་གྲྭ་པས་བཙན་པོ་བཀྲོངས་པ་ནང་བཞིན་ད་ལྟ་བླ་མས་བོད་མིའི་ནང་ཆོས་ལ་ཡོད་པའི་དད་གུས་ཀྱི་ཐག་སྣེ་གཅོད་མི་སྲིད་པ་མ་རེད།།