སྙིང་དབུས་ནས་གསོལ་འདེབས་དང་བསམ་ཚུལ།
ཆབ་མདོ་ངག་ཕུན།
དེ་རིང་ངས་བརྙན་ལམ་ནས་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་བཀའ་སློབ་མཇལ་བ་དང་། སེམས་ནང་བཟོད་མ་ཐུབ་པའི་སྐྱོ་སྣང་ཞིག་སྐྱེས་བྱུང། ཐོབ་དང་གོ་ས་ཡོད་ཚད་བློས་བཏང་ནས་བོད་མི་རིགས་དང། ཡང་སྒོས་སངས་རྒྱས་བསྟན་པའི་དོན་དུ་ལ་ལུང་དུ་མ་བརྒལ་ནས་དཀའ་སྡུག་ལ་གདོང་ལེན་གྱིས་བཙན་བྱོལ་དུ་ཕེབས། སྐད་དང་གོམས་གཤིས་མི་གཅིག་པའི་མི་ཡུལ་ལུང་པར་ཕེབས་དུས་ཕྱི་ནང་འགྲོ་སྟངས་སོགས་ལ་དཀའ་ངལ་མང་པོ་བྱུང་ཡོད་ལ། དེ་བཞིན་གནས་ཚུལ་གཞན་ཞིག་གིས་རྐྱེན་པས་བརྒྱུད་ལམ་ཁག་ཏུ་དངོས་ཡོད་མ་ཡིན་པའི་གནས་ཚུལ་མང་དག་ཅིག་བསྒྲགས་པ་དང། དེའི་རྐྱེན་ལ་བརྟེན་ནས་དཀའ་ངལ་ལ་གདོང་ལེན་གནང་དགོས་བྱུང་ཡོད། བདེན་མིན་གྱི་གནས་ཚུལ་གང་འདྲ་ཞིག་སྤེལ་ནའང་བོད་མི་རྣམས་ཀྱིས་ཁྱེད་ནི་བོད་རིགས་ཀྱི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཏུ་ངོས་འཛིན་དང་དད་འདུན་གཡོ་བ་མེད་པ་ཞུ་བཞིན་པ་མ་ཟད། ང་ཚོའི་སྙིང་དབུས་སུ་གནས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རླབས་ཆེན་ཞིག་ཀྱང་ཡིན་པས། དུས་ཚོད་ལ་འགྱུར་ག་འདྲ་ཞིག་ཕྱིན་ནའང་དད་འདུན་ནམ་ཡང་འདོར་མི་སྲིད།
རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཏེ་རིམ་གྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཡོང་ཐབས་སུ་དེང་རབས་འཕྲུལ་རིག་གི་འཕོ་འགྱུར་དང་བསྟུན་ནས་རྒྱལ་བའི་བཀའ་བསྟན་གཙོས་བོད་ཀྱི་མཁས་པས་མཛད་པའི་གསུང་འབུམ་རྣམས་དད་ལྡན་པ་སུ་འདྲ་ཞིག་གིས་ལྟ་ཀློག་བྱ་འདོད་ཡོད་ཀྱང། ལས་སླ་པོའི་ཐོག་ནས་ལྟ་ཀློག་ཐུབ་པའི་མཐུན་རྐྱེན་བསྐྲུན་ཡོད། དེ་ཡང་<<ཨ་དརྴའམ་ཀུན་གསལ་མེ་ལོང་>>ལ་ནང་གསེས་དབྱེ་ན། བཀའ་འགྱུར། བསྟན་འགྱུར། གསུམ་འབུམ་ཁག གཡུང་དྲུང་བོན་བཅས་སྡེ་ཚན་ཆེན་པོ་བཞི་ཡོད་ཅིང། དེ་དག་ལས་གང་རུང་ཞིག་བདམས་ཏེ་འཚོལ་བཤེར་གནང་ཆོག་ཅེས་གསལ་བ་དང་། དེ་བཞིན་སངས་རྒྱས་ཀྱི་ཆོས་ཚན་གང་དུ་ཡོད་པ་འཚོལ་དགོས་ན་སྐར་ཆ་འགའ་ཤས་ནང་བདེ་བླག་ངག་ངང་འཚོལ་ཐུབ་ཀྱི་ཡོད། སྔར་དུས་སུ་སངས་རྒྱས་ཀྱི་བཀའ་ལུང་ཞིག་བཀའ་བསྟན་ལ་པོད་སུམ་བརྒྱ་བཅུ་གསུམ་ནང་ནས་འཚོལ་དགོས་ན་དཀའ་ངལ་དང་དུས་ཚོད་ག་ཚོད་འགོར་མིན་ནི་བརྗོད་མ་དགོས་པ་ཞིག་རེད། དེང་སྐབས་དེ་ལྟར་མ་དགོས་པར་ལག་ཐོགས་ཁ་པར་ནང་དུ་བརྙན་ཆས་དེ་ཉིད་ཕབ་ལེན་བྱས་ཏེ་སོ་སོ་ས་ཕྱོགས་གང་དུ་ཕྱིན་ན་རང་ཉིད་མཉམ་དུ་ཁྱེར་ནས་དུས་ཚོད་ག་དུས་ཁོམ་པ་བྱུང་ནའང་ལྟ་ཀློག་བྱེད་ཆོག་པའི་སྟབས་བདེ་དེ་འདྲ་ཞིག་བསྐྲུན་ཡོད། དེ་སྔོན་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་མེད་པའི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ལ་ཕན་ཐོགས་རླབས་ཆེན་གྱིས་མཛད་པ་འཕྲིན་ལས་དེ་དག་ནི་རིན་ཆེན་གསེར་གྱིས་བྲིས་ནའང་འབྲི་རིན་ཡོད་པའི་མཛད་རྗེས་རླབས་ཆེན་ཞིག་ཡིན་པ་ནི་བརྗོད་མ་དགོས། ཁྱེད་ཀྱི་བཀའ་དྲིན་དེ་དག་ནི་བོད་རིགས་ཀྱིས་ནམ་ཡང་བརྗེད་མི་སྲིད་པའི་སེམས་ངོས་སུ་རྡོ་ལ་བྲིས་པའི་རི་མོ་ལྟར་གནས་ངེས་ཡིན་པ་དང། བཀའ་དྲིན་དེ་དག་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་ནམ་ཡང་བརྗེད་མི་སྲིད་པའི་མདུན་སྐྱོད་ཀྱི་ལམ་ཆེན་ཞིག་བསྐྲུན་གནང་མཛད་ཡོད་པས། ཁྱེད་ནི་བོད་རིགས་ཀྱི་སྙིང་དབུས་སུ་གནས་པའི་ཉི་ཟླ་བཞིན་གནས་ཡོད།
ལྷག་དོན་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་བྱེས་ཀྱི་གདན་ས་ཆེན་པོ་འབྲས་ལྗོངས་རུམ་བཏེག་དགོན་དུའང་ཕེབས་མ་ཐུབ་པར་དྷ་སའི་ཉེ་འགྲམ་རྒྱུད་སྟོད་དུ་ལོ་མང་རིང་བཞུགས་ནས་ཕྱི་ནང་གི་དད་ལྡན་པ་དུ་མ་ཞིག་གི་ཆོས་ཀྱི་རེ་འདུན་ཡོངས་སུ་སྐོང་བར་མཛད། དེ་ཡང་“༸དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་བླ་ན་མེད་པའི་དགོངས་བཞེད་བཞིན་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་ཁུར་ཆེ་བཞེས་གནང་སྟེ་འཕྲལ་སེལ་ཆོས་སྤྱོད་གྲོང་ཆོག་ཙམ་གྱིས་ཆོག་པར་འཛིན་པ་སོགས་གུ་དོག་ཕྱོགས་ཞེན་ཅན་གྱི་བསམ་བློ་ལས་ཡོངས་སུ་བརྒལ་ཏེ་མདོ་སྔགས་གཞུང་ཆེན་ཁག་ལ་སློབ་གཉེར་མཐིལ་ཕྱིན་གྱིས་མ་འོངས་པར་བཀའ་བསྟན་ཡུན་རིང་གནས་པར་དེ་འཛིན་གྱི་དགེ་འདུན་པ་རྣམས་སློབ་གཉེར་ཚད་ལྡན་ཡོང་མིན་རག་ལུས་པར་ཡོངས་སུ་མཁྱེན་ནས། སློབ་གཉེར་དོན་དུ་གཉེར་མཁན་གྱི་རང་རིགས་སེར་མོ་བ་རྣམས་ལ་བདག་པོ་གང་ཐུབ་གནང་བཞིན་པ་སོགས་ཕུགས་རྒྱང་རིང་པོས་ཕྱག་ལས་བསམ་བརྗོད་ལས་འདས་པ་གནང་བཞིན་ཡོད་”ཅེས་སོགས་གསལ་བ་དང། དེ་བཞིན་རྒྱུད་སྟོད་དུ་ག་དུས་མཆོད་མཇལ་དུ་ཕྱིན་ཀྱང་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་བཞུགས་སའི་ཕྱོགས་སུ་དབང་མེད་དུ་ལྟ་ཤོར་བ་དང་། སེམས་ནང་དུ་སྨྲ་མི་ཤེས་པའི་སྐྱོ་སྣང་ཞིག་སྐྱེ་འོང་གི་འདུག་ཅིང་། སྐབས་རེར་ལས་དབང་ལ་འཁང་ར་བྱེད་དགོས་ཤོར་གྱི་འདུག། དེ་ནི་ང་རང་གཅིག་པུའི་ཚོར་སྣང་ཞིག་གཏན་ནས་ཡིན་གྱི་མ་རེད་ལ། རང་རེའི་དད་ལྡན་པ་སུ་ཞིག་རྒྱུད་སྟོད་དགོན་པར་མཆོད་མཇལ་དུ་ཕྱིན་པ་ཡིན་ན་ཚོར་སྣང་དེ་ག་རང་ཡོང་གི་ཡོད་པ་ནི་བརྗོད་མ་དགོས།
དེ་ནས་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ཕྱིར་རྒྱ་གར་དུ་ཕེབས་འདུན་གྱི་དགོངས་པ་ཡོད་ནའང་ཕྱི་ནང་གི་རྒྱུ་རྐྱེན་དབང་གིས་ད་བར་ཕེབས་ཐུབ་ཀྱི་མེད། དེ་དག་ལ་གོང་འོག་ཚང་མས་དགོངས་པ་བཞེས་དགོས་པའི་དུས་ལ་བབ་སྙམ་ཞིང་། ཁོང་གི་བཀའ་སློབ་ལས། ཕྱི་རྒྱལ་དུ་རྒྱུན་རིང་པོ་བསྡད་པའི་དབང་གིས་དུས་ཚོད་འཕྲོག་བརླག་ཕྱིན་པ། གང་ཡིན་ཟེར་ན་དམིགས་བསལ་དོན་དག་བྱུང་སོང་བསམ་པ་དྲན་གྱི་མི་འདུག་སོགས་དེ་འབྲེལ་གྱི་བཀའ་སློབ་གནང་བ་དང། ལྷག་དོན་ཨ་རི་ལ་བཞུགས་རིང་ལུས་སེམས་ལ་དཀའ་ངལ་བྱུང་སྐོར་བཀའ་སློབ་སོགས་གོ་ཡོང་དུས་སེམས་ཁམས་གྲང་མོར་གྱུར་སོང་ལ། ང་ཚོའི་ཅི་ཡི་ཕྱིར་སྐྱེས་ཆེན་ཁོང་ལྟ་བུར་བདག་གཅེས་བྱེད་མི་ཐུབ་པའི་གནད་དོན་གང་ཞིག་ཡིན་སྙམ་ནས་སེམས་ནང་ན་ཟུག་གཏོང་གི་འདུག། ཡིན་ནའང་ང་ལྟ་བུའི་བོད་མི་རིགས་ཀྱི་གྲལ་མཐར་སྐྱེས་ཤིང་འཚར་ལོངས་བྱུང་བའི་མི་སེར་དཀྱུས་མ་ཞིག་གི་སེམས་ནང་ན་ཟུག་བཏང་བ་ནི་ན་ཟུག་རང་རེད་མ་གཏོགས་གཞན་པའི་ཕན་ཐོགས་ཅི་ཞིག་ཡོད།
དེ་བཞིན་འབྲེལ་ཡོད་རྣམ་པ་ཚོ་ཚང་མར་དོ་ཁུར་གནང་གི་མི་འདུག་གཏན་ནས་བརྗོད་ཀྱི་མེད་རུང་། ང་ཚོ་གོང་འོག་ཚང་མས་ནུས་ཤུགས་གཅིག་ཏུ་སྤུངས་ནས་དཔལ་རྒྱལ་བ་ཀརྨ་པ་མཆོག་རྒྱ་གར་འཕགས་ཡུལ་ལ་འཕྲལ་དུ་གདན་འདྲེན་ཞུ་ཐུབ་ཐབས་སུ་འབད་བརྩོན་གནང་དགོས་པ་ལས། འབྲེལ་ཡོད་ལ་སྙན་ཞུ་འབུལ་ཙམ་གྱིས་ཉིན་འགྱང་ཞག་འཕུད་བྱས་བསྡད་ན་གཏན་ནས་འགྲིགས་ཐབས་མི་འདུག་བསམ་གྱི་འདུག། འབྲེལ་ཡོད་གཞུང་ལ་ཡིག་ངག་གཉིས་ཐོག་ནས་ཡང་ཡང་ཞུ་གཏུགས་བྱེད་དགོས་འདུག། ངས་དེ་ལྟར་བརྗོད་དུས་འབྲེལ་ཡོད་འགའ་ཤས་ཀྱིས་གཞན་དབང་སྟབས་བསྟུན་ཡིན་དུས་བྱ་རྒྱུ་གང་ཡང་མི་འདུག་བསམ་པ་དང་། དེ་ལྟར་བརྗོད་མཁན་ཡང་ཡོད་སྲིད་པས། ད་ནི་ངེས་པར་རང་རེའི་འབྲེལ་ཡོད་ཚོས་དཀའ་ངལ་དེ་དག་སེལ་ཐབས་ཀྱི་ལས་དོན་གང་ཞིག་སྒྲུབ་དགོས་ཀྱི་འདུག་ནའང་བསྒྲུབ་དགོས་པ་མ་ཟད། དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་དད་དམ་གཡོ་བ་མེད་པ་ཡོད་མཁན་གྱི་རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་དོ་སྣང་བྱེད་དགོས་པའི་དུས་ལ་བབ་འདུག་པ་ལས། ཁ་རོག་སྡོད་པའི་དུས་ཚོད་གཅིག་གཏན་ནས་མ་རེད། ང་ཚོ་ཚང་མས་འབད་བརྩོན་ངེས་པར་དུ་བྱེད་དགོས་པའི་དུས་ལ་བབ་འདུག
ལྷག་དོན་དབུང་ལུང་མན་ངག་ཡོད་པའི་བླ་ཆེན་སྐུ་བགྲེས་དུ་མ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་བཞུགས་ཡོད་པའི་དབང་གིས་དེར་དམིགས་ནས་སྐུ་ངལ་ཚད་མེད་བསྐྱོན་ནས་རྒྱལ་དབང་ཀརྨ་པ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཡོད་ཅིང། བླ་ཆེན་རྣམ་པའི་སྐུ་མདུན་ནས་དབང་ལུང་མན་ངག་རྣམས་ཞུ་དགོས་པས་མགྱོགས་མྱུར་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཐུབ་པའི་སྨོན་ལམ་འདེབས་བཞིན་ཡོད། གཙོ་བོ་ནང་པའི་བསླབ་པ་སློབ་གཉེར་གནང་ས་ནི་ཕྱི་རྒྱལ་ལས་རྒྱ་གར་འཕགས་པའི་ཡུལ་དུ་ཡག་པ་ནི་བརྗོད་མ་དགོས་པ་ཞིག་རེད་ལ། རྒྱུ་མཚན་དེ་དག་ལ་བརྟེན་ནས་ངེས་པར་དུ་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་གདན་འདྲེན་ཞུ་ཐུབ་པ་གནང་རོགས་ཞེས་གོང་འོག་ཚང་མར་རེ་སྐུལ་སྙིང་དབུས་ནས་ཞུ་བཞིན་ཡོད། ངས་དེ་དག་བརྗོད་དུས་རྣམ་པ་ཚོས་ལས་དོན་གནང་གི་མི་འདུག་གཏན་ནས་བརྗོད་ཀྱི་མེད། ཡིན་ནའང་སྔར་ལས་ལྷག་པའི་ནུས་ཤུགས་འདོན་རྒྱུའི་རེ་སྐུལ་ཁོ་ན་ཡིན། གོང་ཞུས་ལྟར་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་སློབ་དེ་དག་གོ་བ་དང་སེམས་ཀྱིས་མ་བཟོད་ནས་འབྲེལ་ཡོད་ཚོར་གསོལ་འདེབས་ཀྱི་ཚུལ་དུ་རེ་སྐུལ་འདི་ཉིད་བྲིས་པ་ཞིག་ཡིན། འོན་ཀྱང་ཞུ་སྟངས་ནོར་བ་ཡོད་ཚེ་འབྲེལ་ཡོད་ཡོངས་ལ་དགོངས་པ་མ་ཚོམས་ཞུ། འདི་ནི་སེམས་གཏིང་ནས་དྲན་པའི་རེ་སྐུལ་ཉག་གཅིག་ཡིན།།
སྨྲས་པ།
དཔལ་ལྡན་རྒྱལ་བ་ཀརྨ་པ།།
མགྱོགས་མྱུར་རྒྱ་གར་ཡུལ་དུ་ཕེབས།།
གདན་ས་རུམ་བཏེག་དགོན་ཆེན་ལ།།
ཞབས་སོར་བཀའ་དྲིན་འཁོད་པར་སྨོན།།
རྟག་ཏུ་གཞན་དོན་མཛད་པ་དང་།།
སྐུ་ཚེ་མཛད་འཕྲིན་རྒྱས་པ་སོགས།།
གངས་ཅན་ལྗོངས་ཀྱི་ལྷ་ཚོགས་རྣམས།།
ཐུགས་རྗེ་མ་གཡེལ་འཕྲིན་ལས་མཛོད།།
