སྙིང་སྟོབས་གཟེངས་རྟགས་ཞིང་གཤེགས་སྤྲུལ་སྐུ་རིག་འཛིན་ཧུྃ་ཀར་རྡོ་རྗེ་རིན་པོ་ཆེར་ཕུལ་སོང་།
ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༡༣ ཉིན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། རྒྱ་གར་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག དྷ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ་ཕྱི་ལོ་༢༠༢༥ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཞིག་འཚོགས་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་དང་། གཞན་ཡང་སྐུ་མགྲོན་དུ་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་འཇུ་བསྟན་སྐྱོང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་གསར་འགོད་པ། དེ་བཞིན་འབྲེལ་ཡོད་མི་མང་ཁག་ཅིག་ཕེབས་འདུག
སྐུ་མགྲོན་གཙོ་བོས་ད་ལྟའི་ཆར་བོད་དེ་སྒོ་བརྒྱབ་ཡོད་པ་དང་བོད་ནས་གནས་ཚུལ་རག་རྒྱུ་ཁག་པོ་ཡིན་པ། རག་པའི་དབང་དུ་བཏང་ཡང་། དེར་ཡིད་གཟབ་དང་ཞེད་སྣང་བྱེད་དགོས་ཀྱི་ཡོད་པ། དེ་རིང་བོད་ནི་དྲག་པོའི་ཁྲིམས་གཞི་བསྡམས་པ་ལས་ཀྱང་སྡུག་པའི་གནས་སྟངས་འོག་ལྷག་ཡོད་པ་སོགས་ཀྱི་གཏམ་བཤད་གནང་སོང་།
མཛད་སྒོའི་ཐོག་ཕྱི་ལོ་༢༠༢༥ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ་རྒྱ་ནག་གི་འཛིན་བཟུང་འོག ཝེ་ཐེ་ནམ་དུ་འདས་གྲོངས་སུ་ཕྱིན་པའི་ཞིང་གཤེགས་སྤྲུལ་སྐུ་རིག་འཛིན་ཧུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་ལ་ཕུལ་སོང་།
ལུང་སྔོན་དགོན་པའི་གདན་རབས་བཅུ་པ་མདོ་མཁྱེན་བརྩེའི་ཡང་སྲིད་རིག་འཛིན་ཧཱུཾ་ཀར་རྡོ་རྗེ་མཆོག་ནི། ཕྱི་ལོ་༡༩༦༩ ལོར་མགོ་ལོག་ཨ་སྐྱོང་གོང་མར་ཡབ་སྤྲུལ་བའི་གཏེར་ཆེན་པདྨ་གཏུམ་དྲག་རོལ་པའི་རྡོ་རྗེ་དང་ཡུམ་གད་ཐོག་གདུགས་དཀར་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕྱི་ལོ་༡༩༨༩ ལོར་རྒྱ་གར་འཕགས་ཡུལ་དུ་ཕེབས་ཏེ་༸གོང་ས་མཆོག་ཞལ་མཇལ་ཞུས་ཤིང་། ཕྱི་ལོ་༡༩༩༥ ནས་༡༩༩༧ བར་ཨ་རིར་རྒྱལ་སྤྱིའི་སྐད་ཡིག་སློབ་ཆེན་ནས་སློབ་སྦྱོང་གནང་ཡོད་འདུག
ཕྱི་ལོ་༢༠༠༢ ལོར་རྒྱ་ནག་གཞུང་གི་ཆོག་མཆན་ལྟར། ལུང་སྔོན་དགོན་པའི་གདན་རབས་བཅུ་པར་མངའ་གསོལ་ཁྲི་འདོན་མཛད། ཕྱི་ལོ་༢༠༠༤ ནས་༢༠༠༦ བར་པེ་ཅིན་མཐོ་སློབ་ཀྱི་མཚན་ཉིད་རིག་པའི་སྡེ་ཚན་གྱི་འཛམ་གླིང་ཆོས་ལུགས་ཀྱི་ཞིབ་འཇུག་ཐོག་ལ་སློབ་སྦྱོང་གནང་འདུག ཕྱི་ལོ་༢༠༠༤ ལོར་ཁོང་གིས་མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་ཚོགས་པ་བཙུགས་པ་དང་། ཕྱི་ལོ་༢༠༠༧ ལོ་ནས་ཁུལ་སྲིད་གཞུང་དང་སློབ་གསོ་ཅུའུ་ཟེར་བའི་ཆོག་མཆན་ལྟར་དགེ་སློབ་ཆིག་སྟོང་ཙམ་ཡོད་པའི་ཧཱུཾ་ཀར་རྡོ་རྗེ་མི་རིགས་ལག་རྩལ་མཐོ་འབྲིང་སློབ་གྲྭ་བཙུགས་ཏེ། ཞིང་འབྲོག་ཁུལ་གྱི་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་སློབ་མ་མང་པོར་རིན་མེད་ཐོག་གསོ་སྐྱོང་གནང་ཡོད་འདུག་ཀྱང་། ཁོང་གར་སོང་ཆ་མེད་དུ་གྱུར་རྗེས་སློབ་གྲྭ་དེ་དག་རྒྱ་ནག་གཞུང་གིས་བཙན་བཀའ་བཏང་ནས་སྒོ་བརྒྱབ་ཡོད་འདུག ཕྱི་ལོ་༢༠༢༥ ལོ་རིན་པོ་ཆེ་ཁོང་ཝེ་ཐེ་ནམ་དུ་རྒྱ་གཞུང་གི་འཛིན་བཟུང་འོག འདས་གྲོངས་སུ་ཕྱིན་ཡོད་པ་རེད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ནི་ཕྱི་ལོ་༢༠༡༦ ནས་བཟུང་། རིན་པོ་ཆེའི་རྗེས་དྲན་བྱེད་ཆེད་དུ། ལོ་རེའི་ཕྱི་ཟླ་༧ ཚེས་༡༢ ཏེ། རྒྱལ་གཅེས་པའི་སྐྱེས་ཆེན་དམ་པ་ཁོང་རྒྱ་གཞུང་གི་བཙོན་ཁང་དུ་སྐུ་གཤེགས་པའི་ཉིན་དང་བསྟུན། བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་སོགས་ལ་ཁོང་རྣམས་ཀྱི་མཛད་རྗེས་ལ་ཆེ་བསྟོད་དང་འབྲེལ། ལས་དོན་འདི་བརྒྱུད་ནས་བོད་ནང་གི་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་དམིགས་ཡུལ་གཙོ་བོར་བཟུང་སྟེ་གཟེངས་རྟགས་འདི་འབུལ་གྱི་ཡོད་པ་ལྟར། ད་བར་གཟེངས་རྟགས་འདི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡེ་ཤེས་ཆོས་སྒྲོན། བཀྲ་ཤིས་དབང་ཕྱུག། ཨ་ཉག་སེང་སྒྲ། ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་དང་མགོ་ལོག་འཇིགས་མེད། རྡོ་རྗེ་བཀྲ་ཤིས་དང་མགོན་པོ་སྐྱིད། ད་ཐེངས་སྤྲུལ་སྐུ་རིག་འཛིན་ཧུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་བཅས་ལ་ཕུལ་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།