སྤྱི་འཐུས་མང་པོ་དགོངས་པ་ཞུས་པར་བརྟེན་ཚོགས་དུས་འཕར་མ་འཚོགས་ཐུབ་མི་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་འཕར་མའི་ཐོག སྤྱི་འཐུས་ ༡༨ དགོངས་པ་ཞུས་དང་། ༢ ནད་དགོངས་ཞུས། གཅིག་རྒྱལ་ཁབ་གཞན་དུ་ཡོད་པ་བཅས་ཁྱོན་བསྡོམས་སྤྱི་འཐུས་ ༢༡ ཚོགས་བཅར་མ་ཐུབ་པར་བརྟེན། ཟླ་འདིའི་ཚེས་ ༢༤ ཉིན་འཚོགས་གཏན་འཁེལ་བའི་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་འཕར་མ་དེ་འཚོགས་ཐབས་བྲལ་བར་གྱུར་བའི་གསལ་བསྒྲགས་སྤེལ་འདུག
ཚོགས་དྲུང་ལས་ཁུངས་ནས་ཁ་སང་རེས་གཟའ་སྤེན་པའི་ཉིན་སྤེལ་བའི་གསལ་བསྒྲགས་སུ། “ཕྱི་ཚེས་ ༢༢ བར་དགོངས་ཞུ་་གནང་མཁན་སྤྱི་འཐུས་གྲངས་ ༡༨ དང་། ནད་དགོངས་ཞུ་མཁན་སྤྱི་འཐུས་གྲངས་ ༢ ཕྱི་འཐུས་ ༡ རྒྱལ་ཁབ་གཞན་ཞིག་ནང་ཡོད་སྟབས་ཚོགས་བཅར་ཐུབ་མིན་གྱི་དགོངས་ཞུ་བསྡོམས་སྤྱི་འཐུས་ ༢༡ གྲོས་ཚོགས་འཕར་མར་བཅར་ཐབས་བྲལ་བ་དང་། དེ་བཞིན་ཆོགས་བཅར་ཐུབ་མིན་གྱིས་ལན་གསལ་མེད་པའི་སྤྱི་འཐུས་གྲངས་ ༣ ཚོགས་བཅར་གནང་ཐུབ་མཁན་སྤྱི་འཐུས་གྲངས་ ༢༡ བཅས་ཀྱི་གནས་སྟངས་ཐོག་གང་ཅི་ཐད་ནས་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཀྱི་གྲུབ་ཆ་ལོངས་མིན་ལ་སོང་། དེ་རིང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༣༦༦ པའི་ཐོག་བཀའ་བསྡུར་གྱིས་བཞུགས་མོལ་ཚོགས་འདུ་དང་གྲོས་ཚོགས་ཚོགས་དུས་འཕར་མ་གཉིས་ཀ་བསྐོང་ཚོགས་གནང་ཐབས་བྲལ་བའི་ཐག་གཅོད་བྱུང་སོང་”ཞེས་བསྒྲགས་འདུག
ཕྱི་ཟླ་ ༣ ཚེས་ ༢༥ ཉིན་སྤྱི་འཐུས་ལྷན་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་དཔོན་གཞན་གཉིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བའི་ཐོག་ནས་འཕོ་འགྱུར་གཏོང་དགོས་པའི་གཞུང་འབྲེལ་གྲོས་འཆར་ཞིག་བཏོན་པར། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ལྷག་གིས་རྒྱབ་སྐྱོར་བྱས་ཏེ་འཕོ་འགྱུར་བཏང་བར་བརྟེན། ད་ལྟའི་ཆར་གྲོས་ཚོགས་ཚོགས་དུས་འཕར་མ་འཚོགས་མ་ཐུབ་ན། བདམས་ཐོན་སྲིད་སྐྱོང་དང་སྤྱི་འཐུས་རྣམས་དམ་འབུལ་བྱེད་ཡུལ་མེད་པར་གྱུར་ཡོད།
འདི་གས་གསར་ཁང་ནས་སྤྱི་འཐུས་རྒྱུན་ལས་ངག་དབང་ཐར་པ་ལ་གྲོས་ཚོགས་འཕར་མ་འཚོགས་མ་ཐུབ་པ་ཡིན་ན་གནས་སྟངས་ཅི་འདྲ་ཞིག་ཆགས་སྲིད་པའི་སྐོར་དྲིས་པར། ཁོང་གིས་“ང་ཚོ་རྒྱུན་ལས་ཚོའི་ངོས་ནས་གང་ཡོང་ཅི་ཡོང་བྱས་པ་ཡིན། ཡིན་ན་ཡང་། ད་ནི་དངོས་གནས་མངོོན་ཤེས་ཡོད་མཁན་ཞིག་ཡིན་ན་མ་གཏོགས། གྲོས་ཚོགས་འཕར་མ་འཚོགས་མ་ཐུབ་པའི་མཇུག་འབྲས་ཅི་འདྲ་ཞིག་ཡོང་སྲིད་པ་ཤེས་མི་ཐུབ་”ཞེས་བརྗོད་བྱུང་།
སྤྱིའི་ཆ་ནས་བཤད་ན། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་རྟེན་གཞིར་གྱུར་བའི་དྷ་སར་ནད་ཡམས་ཤུགས་ཆེར་ཁྱབ་གདལ་འགྲོ་བཞིན་པར་བརྟེན། མངའ་སྡེ་དང་རྫོང་སྲིད་གཞུང་ནས་ནད་ཡམས་འགོག་ཆེད་ཁྱིམ་སྡོད་བཀའ་རྒྱ་དང་། མི་ལྔ་ལས་མང་བ་འདུ་འཛོམས་མི་ཆོག་པའི་བཀའ་རྒྱ་དམ་པོ་ལག་བསྟར་བྱེད་ཀྱི་ཡོད་རུང་། གནས་ཚུལ་གོ་བ་ལྟར་ན་རྒྱ་གར་ཀང་རཱ་རྫོང་སྲིད་གཞུང་ནས་སྤྱི་འཐུས་ལྷན་ཚོགས་མངོན་ཆུང་ངང་འཚོགས་ན་ཆོག་པའི་ངག་ཐོག་ཆོག་མཆན་སྤྲད་ཡོད་པ་མ་ཟད། སྤྱི་འཐུས་ཡོངས་ལ་དེ་དོན་འགྲེལ་བརྗོད་ཁ་གསལ་བྱས་ཡོད་པའི་གནས་ཚུལ་ཡང་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།