སྤྱི་འཐུས་ལྷན་ཚོགས་ནས་ཚོགས་དུས་བཅུ་པ་ལོ་རྗེས་མའི་ཕྱི་ཟླ་ ༣ པའི་འཚོགས་གཏན་འཁེལ།
དེ་རིང་ཚོགས་དྲུང་ལས་ཁུངས་ནས་ཚོགས་བརྡ་གསལ་བསྒྲགས་ཤིག་བཏང་བའི་ནང་། ཕྱི་ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་བཀའ་བསྡུར་ཐག་གཅོད་བྱུང་དོན་ལྟར། “སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ རེས་གཟའ་ཟླ་བ་ནས་ཟླ་ ༣ ཚེས་ ༣༡ རེས་གཟའ་ལྷག་པ་བར་ལས་དུས་ཉིན་གྲངས་བཅོ་ལྔ་རིང་བཞུགས་སྒར་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་དུ་ཚུགས་གཏན་འཁེལ་སོང་”ཞེས་བཀོད་འདུག
སྤྱིའི་ཆ་ནས་བཤད་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཟླ་བ་དྲུང་རེའི་ནང་ཚུན་དུ་གྲོས་ཚོགས་རེ་འཚོགས་དགོས་ཀྱི་ཡོད། ཡིན་ན་ཡང་། ད་ལོར་འཛམ་གླིང་ཁྱོན་དུ་རྒྱ་ནག་ནས་ཁྱབ་པའི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་(Covid-19)ཀྱི་དཀའ་ཉེན་ལ་བརྟེན་ནས་གཞུང་སྒེར་གཉིས་ཀའི་བྱེད་སྒོ་མང་པོ་ཞིག་ལ་བསམ་ཡུལ་ལས་འདས་པའི་བར་ཆད་འཕྲད་བཞིན་པ་ལྟར། ཟླ་ ༨ ཚེས་ ༢༧ ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་ཕྱི་ཟླ་ ༩ ཚེས་༡༦ ཉིན་ནས་འགོ་ཚུགས་ཏེ་ཉིན་གྲངས་བརྒྱད་རིང་འཚོགས་གཏན་ཁེལ་བའི་ཚོགས་དུས་ ༡༠ པ་ལོ་རྗེས་མའི་ཕྱི་ཟླ་ ༣ བར་ཕར་འགྱངས་བྱས་པའི་གསལ་བསྒྲགས་སྤེལ་ཡོད།
སྤྱི་འཐུས་ལྷན་ཚོགས་ནས་གསལ་བསྒྲགས་དེ་སྤེལ་རྗེས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ཟླ་ ༩ ཚེས་ ༢༥ ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་དེ་བཅའ་ཁྲིམས་དང་འགལ་ཡོད་པ་དང་། སྤྱི་འཐུས་རྒྱུན་ལས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་གནང་བའི་ཉེས་ཆད་དུ་ཕྱི་ཚེས་ ༢༥ ནས་བཟུང་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༡ བར་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་པ་ཡིན་པའི་གསལ་བསྒྲགས་སྤེལ་བར། སྤྱི་འཐུས་ལྷན་ཚོགས་ནས་དགོང་མོ་དེ་རང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་གཏོང་སའི་ཁྱབ་ཁོངས་སུ་མེད་པ་མ་ཟད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མང་གཙོའི་ཀ་བ་གསུམ་གྱི་འགན་དབང་གྱི་ས་མཚམས་ལས་བརྒལ་ཏེ་བཅའ་ཁྲིམས་དང་ཡོངས་སུ་འགལ་བའི་བྱེད་བབ་དེར་ངོས་ལེན་ཞུ་ཐབས་བྲལ་ཡོད་པ་སོགས་ཀྱི་གསལ་བསྒྲགས་བྱས་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།