སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེའི་དགོངས་རྫོགས་འདས་མཆོད་སྐབས་དགེ་འདུན་པ་ཞིག་ལ་ཉེས་རྡུང་བཏང་འདུག

ཉེ་ཆར་བོད་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་དུ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་འདས་མཆོད་སྨོན་ལམ་འཚོག་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དམག་མིས་དམ་དྲག་ཤུགས་ཆེན་བྱས་ཡོད་པ་དང་། དགེ་འདུན་པ་ཞིག་རྒྱུ་མཚན་གསལ་པོ་མེད་པར་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་འདུག

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༩ ཉིན་རྡ་ས་ཁུལ་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་དོན་ལ། ན་ནིང་ཕྱི་ལོ་༢༠༢༥ ཟླ་༣ ཚེས་༢༨ ཡས་མས་སུ་གནད་དོན་གསལ་ཁ་གང་ཡང་མེད་པའི་ཐོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་སྐུ་གྲོངས་པའི་གཏམ་ངན་དེ་རྒྱ་ནག་གཞུང་གིས་བསྒྲགས་ཡོད། ཁོང་དུས་ཡུན་རིང་པོ་གར་སོང་ཆ་མེད་དུ་གྱུར་རྗེས། ཝི་ཏི་ནམ་གྱི་ཧོ་ཆི་མིན་གྲོང་ཁྱེར་དུ་རྒྱལ་སྤྱིའི་སྨན་ཁང་(Vinmec Central Park International Hospital )དུ་སྐུ་གཤེགས་ཡོད་པའི་དགོན་པའི་གསལ་བསྒྲགས་ཤིག་ཏུ་བཀོད་ཡོད། འོན་ཀྱང་ཁོང་གི་འདས་རྐྱེན་ཐད་དོགས་གནས་མང་པོ་ཞིག་བསྐྱེད་ཡོད་པ་དང་། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པའི་གསལ་བསྒྲགས་ཤིག་ཡིན་པའི་དོགས་པ་བྱེད་ཀྱི་ཡོད། དེ་ཡང་རྒྱ་ནག་གི་གཞུང་ཚབ་དང་ཝ་ཏ་ནམ་ཉེན་རྟོག་པའི་དམ་དྲག་འོག་སྐུ་ཕུང་ཞུགས་འབུལ་བྱས་ཡོད་འདུག ལུང་སྔོན་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་ཆེད་དུ་ཝི་ཏི་ནམ་དུ་ཕེབས་ཀྱང་། ཁོང་རྣམས་ལ་སྐུ་ཕུང་ཆ་ཚང་མཇལ་དུ་མ་བཅུག་པར་ཞལ་རས་ཙམ་ལས་མཐོང་དུ་བཅུག་ཡོད་མི་འདུག
ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༧ ནས་༣༠ བར་ཉིན་བཞིའི་རིང་། ལུང་སྔོན་དགོན་དུ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་འདས་མཆོད་སྨོན་ལམ་ཚོགས་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དམག་མིས་དགོན་པའི་མཐའ་སྐོར་ནས་བོད་མི་ཚོའི་འགྲོ་འདུག་ལ་དམ་དྲག་ནན་པོ་བྱས་ཡོད་འདུག་ཅིང་། ཉེན་རྟོག་པས་དགོན་པའི་ནང་དུ་ཡོད་པའི་རིན་པོ་ཆེར་དད་གུས་མཚོན་པའི་ཡིག་ཆ་དང་། སྦྱར་ཡིག དེ་བཞིན་ནང་ཆོས་དང་འབྲེལ་བའི་བཀའ་སློབ་སོགས་མེད་པ་བཟོ་དགོས་པའི་བཙན་བཀའ་བཏང་ཡོད་འདུག
ཚེས་༢༧ ཉིན་རྒྱུ་མཚན་གསལ་བཤད་གང་ཡང་མེད་པའི་ཐོག་དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་དགའ་བདེ་རྫོང་ཉེན་རྟོག་ཁང་དུ་བཙན་ཁྲིད་ཀྱིས་ཉེས་རྡུང་ཚད་མེད་བཏང་ཡོད་འདུག ཁོང་ཉིན་དེའི་མཚན་མོར་གློད་ཡོད་ནའང་། ཉིན་གསུམ་གྱི་རྗེས་སུ་སླར་ཡང་ས་གནས་བཀག་ཉར་ཁང་དུ་ཡོང་དགོས་པའི་བཀའ་བཏང་ཡོད་འདུག
རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་ཁོང་བཀྲོངས་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། ཕྱི་ལོ་༢༠༢༤ ལོར་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་༧པཎ་ཆེན་རིན་པོ་ཆེན་ཡིན་ཚུལ་བརྗོད་པའི་རྒྱལ་མཚན་ནོར་བུ་ཟེར་བ་དེ་མགོ་ལོག་ཁུལ་དུ་ལྟ་སྐོར་ཡོང་དུས་སྐབས། ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གིས་རྒྱ་ནག་གཞུང་གི་རེ་འདོད་ལྟར་སྣེ་ལེན་གཟབ་རྒྱས་མ་ཞུས་པས་ཡིན་པར་བཤད། དེ་མིན་ཁོང་གིས་དགོན་པ་དང་སློབ་གྲྭ་མང་པོ་བཙུགས་པ། ཉམ་ཆུང་དབུལ་ཕོངས་ཀྱི་ཐོབ་ཐང་རྩོད་ལེན་གནང་ནས་རྙོག་ཟིང་བསླངས་སོང་ཞེས་པའི་ཉེས་མིང་ཡང་བཀལ་ཡོད་འདུག
རྒྱ་ནག་གཞུང་གིས་དམ་དྲག་ཆེ་བའི་རྐྱེན་གྱིས་ད་ལྟའི་ཆར་གནས་ཚུལ་ཞིབ་ཕྲ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པའི་གནས་སྟངས་སུ་ཡོད་པ་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།