སྨན་རིའི་གླིང་དུ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་དགུ་པ་དབུ་འཛུགས།

ཉིན་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ཀྱི་མཉམ་འབྲེལ་ཐོག་ཏུ་གོ་སྒྲིག་ཞུས་པའི་རིས་མེད་བགྲོ་གླེང་ཐེངས་དགུ་པ་དེ་དབུ་འཛུགས་གནང་འདུག


ཕྱི་ལོ་༢༠༢༦ ཟླ་༤ ཚེས་༥ ནས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ཕྱི་ཚེས་༥ ནས་༩ བར་ཉིན་ལྔའི་ཤེར་ཕྱིན་ཐོག་གཞུང་ཆེན་རིས་མེད་བགྲོ་གླེང་ལྷན་ཚོགས་ཐེངས་དགུ་པ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དབུ་འཛུགས་གནང་ཡོད་འདུག་ཅིང་།
དེ་ཡང་ཆོས་རིག་ལས་ཁུངས་དང་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་གོ་སྒྲིག་ཞུས་པའི་རིས་མེད་བགྲོ་གླེང་ཐེངས་དགུ་པའི་བརྗོད་གཞི་ཤེར་ཕྱིན་གཞུང་ལུགས་ཀྱི་ཐད་རིས་མེད་ཆོས་སྡེ་ཁག་གི་མཁན་སློབ་དགེ་བཤེས་གྲངས་ཉི་ཤུ་རྩ་གཉིས་ནས་དཔྱད་རྩོམ་སྒྲོགས་སྦྱང་དང་དེའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ད་བར་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་གཉིས་གོ་སྒྲིག་གནང་ཡོད་པ་དང་། བགྲོ་གླེང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དགེ་བཤེས་དགེ་ལེགས་ཉི་མ་བཅས་དབུ་བཞུགས་ཐོག་བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་དགོན་ཁག༤༥ ནས་དགེ་འདུན་པ་དང་བཙུན་མ་གྲངས་༨༥ ཕེབས་ཡོད་འདུག དབུ་འབྱེད་མཛད་སྒོའི་སྐབས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཆོས་རིག་ལས་ཁུངས་ནས་པར་སྐྲུན་དང་འགྲེམས་སྤེལ་གནང་བའི་དཔེ་དེབ་༧གོང་ས་མཆོག་ནས་བོད་མིའི་ཆོས་ཚོགས་ཐེངས་དང་པོ་ནས་བཅོ་ལྔ་བར་གྱི་སྟེང་དུ་བསྩལ་བའི་བཀའ་སློབ་ཕྱོགས་བསྡེབས་ཞེས་པ་དབུ་འབྱེད་མཛད་ཡོད། འདུག་ཅིང་། བགྲོ་གླེང་ཚོགས་འདུ་འདི་བརྒྱུད་གཡུང་དྲུང་བོན་ཐེ་བའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཕན་ཚུན་དབར་ལྟ་བ་དགོངས་ཚུལ་བརྗེ་ལེན་གནང་རྒྱུའི་གོ་སྐབས་བཟང་པོ་ཐོབ་ཀྱི་ཡོད་འདུག

ཆོས་རིག་ལས་ཁུངས་ནས་གཙོ་བོ་༸གོང་ས་མཆོག་གིས་ཆོས་ཚོགས་ཐེངས་བཅུ་གཅིག་ཐོག་ཕེབས་པའི་བཀའ་སློབ་དགོངས་དོན་དང་། བོད་ཀྱི་ཆོས་བརྒྱུད་དབར་མཐུན་འབྲེལ་དང་། གུས་བརྩི། ཆོས་སྡེ་ངོ་སྤྲོད་ཡོང་རྒྱུ་སོགས་ལ་དམིགས་ཏེ་ཕྱི་ལོ་༢༠༡༥ ནས་བཟུང་བསྐོང་ཚོགས་གནང་གིན་ཡོད་འདུག བགྲོ་གླེང་ལས་རིམ་ཆ་ཚང་བོད་ཀྱི་བརྙན་འཕྲིན་དང་སྨན་རིའི་སྒྲ་བརྙན་ངོ་དེབ་ཐོག་ནས་གཟིགས་རྒྱུ་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།