སྲིད་བློན་མཱོ་རྡི་དང་བྷི་ཇེ་བྷི་ལ་ཕམ་ཁ་ཆེན་པོ་བྱུང་འདུག
རྒྱ་གར་ནང་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་བསྟུན། ནུབ་བྷེང་གྷལ་གྱི་མངའ་སྡེའི་གྲོས་ཚོགས་འོས་བསྡུར་བྷི་ཇེ་བྷི་སྲིད་དོན་ཚོགས་པར་ཕམ་ཁ་ཆེན་པོ་བྱུང་འདུག་པ་དང་། མངའ་སྡེ་དེར་ད་བར་ཧིན་རྡུ་རིང་ལུགས་པའི་སྲིད་དོན་ཚོགས་པ་བྷི་ཇི་བྷི་ལ་རྒྱལ་ཁ་ཐོབ་མྱོང་མེད་པ་རེད་འདུག
ཟླ་༥ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ད་བར་བྷི་ཇི་བྷི་ལ་རྒྱལ་ཁ་ཐོབ་མྱོང་མེད་པའི་ནུབ་བྷེང་གྷལ་མངའ་སྡེའི་གྲོས་ཚོགས་འོས་བསྡུཡི་གྲུབ་དོན་དུ། མངའ་སྡེའི་སྲིད་དོན་ཚོགས་པ་(TMC)ལ། གྲོས་ཚོགས་ཀྱི་རྐུབ་སྟེགས་༢༩༤ ནས་རྐུབ་སྟེགས་༢༠༠ ལས་མང་བ་ཐོབ་ནས་རྒྱལ་ཁ་ཐོབ་ཡོད་ཁར། གཞུང་འཛིན་སྲིད་དོན་ཚོགས་པ་བྱེད་པའི་དགོས་ངེས་ཀྱི་རྐུབ་སྟེགས་གྲངས་ལོན་ཡོད་པ་རེད་འདུག རྒྱལ་ཁ་དེ་དང་བསྟུན་ནས་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ལྕམ་མཱམ་ཏ་བྷེ་ནེར་ཇཱི་མངའ་སྡེ་སྤྱི་ཁྱབ་བློན་ཆེན་གྱི་ལས་ཁུར་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་འདུག ལྕམ་ཁོང་གིས་ནུབ་བྷེང་གྷལ་མི་མང་གིས་རྒྱ་གར་བསྐྱབ་ཡོད་པ་དང་མོའི་ལས་དོན་གལ་ཆེ་ཤོས་དང་པོ་དེ་ནི་ཏོག་དབྱིབས་ནད་དུག་ལ་གདོང་ལེན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག ལྕམ་ཁོང་ནི་སྲིད་བློན་མཱོ་རྡི་དང་བྷི་ཇི་བྷིའི་སྲིད་དོན་ཚོགས་པར་སྐྱོན་བརྗོད་དང་ཁ་གཏད་གཅོག་མཁན་ཤུགས་ཆེ་ཤོས་གྲས་ཤིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་གར་ནང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བུད་མེད་གཅིག་པུ་དེ་རེད་འདུག མོའི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང་། མོ་རང་གྲོས་ཚོགས་འཐུས་མིའི་རྐུབ་སྟེགས་ཆེད་དུ་འོས་འགྲན་བྱེད་ཡུལ་གྱི་ས་ཚིགས་ནས་ཁོང་ལ་ཕམ་ཁ་བྱུང་ཡོད་པ་དང་། ས་གནས་དེ་ནས་དེ་སྔོན་ལས་རོགས་དང་ཕྱིས་སུ་བྷི་ཇི་བྷི་སྲིད་དོན་ཚོགས་པར་ཞུགས་མཁན་ཞིག་ལ་རྒྱལ་ཁ་ཐོབ་འདུག་པས། མོས་ས་ཚིགས་འདིའི་འོས་བསྡུའི་གྲུབ་དོན་དེར་ཁ་གཏད་གཅོག་ཆེད་དུ་ཁྲིམས་ལ་གཏུག་རྒྱུ་ཡིན་སྐོར་བརྗོད་འདུག
བྷི་ཇི་བྷི་སྲིད་དོན་ཚོགས་པར་རྐུབ་སྟེགས་༨༠ ལ་ཉེ་བ་ཐོབ་རྒྱུ་ཡིན་འདུག་པས། མངའ་སྡེ་དེའི་གྲོས་ཚོགས་ནང་ཕྱོགས་འགལ་སྲིད་དོན་ཚོགས་པ་གཙོ་བོ་ཆགས་རྒྱུ་ཡིན་འདུག འོན་ཀྱང་རྒྱ་གར་རྒྱལ་ཡོངས་ཀྱི་སྲིད་དོན་ཚོགས་པ་ཆེ་གྲས་ཀོང་རི་སེར་རྐུབ་སྟེགས་མང་པོ་ཞིག་ཤོར་ཡོད་པ་རེད་འདུག རྒྱ་གར་ནང་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཛ་དྲག་པོ་ཆགས་བཞིན་ཡོད་ཀྱང་། སྲིད་དོན་མཱོ་རྡི་དང་བྷི་ཇི་བྷིའི་གནད་ཡོད་མི་སྣ་ཚོས། ནུབ་བྷེང་གྷལ་དུ་མི་མང་ཕོན་ཆེན་བསྐོངས་ནས་གཏམ་བཤད་དང་ལས་དོན་མང་པོ་ཞིག་སྤེལ་ཡོད་པས། སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་གིས་གལ་ཏེ་ནུབ་བྷེལ་གྷལ་གྱི་འོས་བསྡུ་ལས་རིམ་བྱུང་མེད་ཚེ། རྒྱ་གར་དབུས་གཞུང་གིས་ཏོག་དབྱིབས་ནད་དུག་ལ་གདོང་ལེན་དང་དོ་སྣང་ཤུགས་ཆེ་བ་སྤྲད་ཡོད་སྲིད་སྐོར་ཡང་བརྗོད་བཞིན་འདུག
ནུབ་བྷེང་གྷལ་མིན་པའི་མངའ་སྡེ་གཞན་ཁག་ཅིག་ཏུ་ཡང་མངའ་སྡེའི་གྲོས་ཚོགས་འོས་བསྡུ་བྱས་འདུག་པ་དང་། ལྷོ་ཕྱོགས་ཀྱི་མངའ་སྡེ་ཏཱ་མིལ་ན་རྡུ་ནང་དུ་ས་གནས་ཀྱི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་འདུག་པ་དང་། དེ་བཞིན་ཀཱེ་རེ་ལཱར་ཡང་ཟླ་སྒྲིལ་གྱི་སྲིད་དོན་ཚོགས་པའི་ཤོག་ཁག་གཅིག་ལ་རྒྱལ་ཁ་ཐོབ་འདུག་པ་དང་། མངའ་སྡེ་དེར་བྷི་ཇི་བྷིལ་རྐུབ་སྟེགས་གཅིག་ཀྱང་ཐོབ་མི་འདུག འོན་ཀྱང་རྒྱ་གར་བྱང་ཤར་དུ་ཡོད་པའི་ཨཱ་སམ་མངའ་སྡེར་བྷི་ཇི་བྷིར་བསྐྱར་དུ་རྒྱལ་ཁ་ཐོབ་འདུག་ཀྱང་། སྐབས་སྔོན་མ་དང་བསྡུར་ན་རྐུབ་སྟེགས་༣ ཉུང་དུ་ཕྱིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
