སྲིད་འཛིན་ཊོམ་ལ་བརྟེན་ནས་དེབ་ཅིག་གི་འགྲོ་རྒྱུག་འཕར་བ།

ཨ་རིའི་སྲིད་འཛིན་༤༥ པ་སྐུ་ཞབས་ཌོ་ནལ་ཊོམ་འདེམས་ཐོན་བྱུང་རྗེས། སྒྲུང་དེབ་ཕྱི་ལོ་༡༩༨༤་ཞེས་པ་དེ་ཉོ་མཁན་མང་དུ་ཕྱིན་ནས། པར་སྐྲུན་ཁང་གིས་དེབ་དེ་བསྐྱར་དུ་ཁ་གྲངས་མང་པོ་པར་སྐྲུན་བྱེད་དགོས་བྱུང་འདུག

georgeorwellxobeygiantprintset-1984coverbyshepardfaireyདེ་ཡང་ཟླ་འདིའི་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་སི་ཨན་ཨན་སྟེང་གནས་ཚུལ་བཀོད་གསལ། ཕྱི་ལོ་༡༩༤༩ ལོར་འཛམ་གླིང་ནང་རྩོམ་པ་པོ་གྲགས་ཅན་རྗོར་ཇེ་ཨོ་ཝེལ་གྱིས་བརྩམས་པའི་སྒྲུང་དེབ་ཕྱི་ལོ་༡༩༨༤ ཞེས་པ་དེ་པར་སྐྲུན་བྱས་ཡོད་པ་དང་། ལོ་༦༨ རྗེས་དེབ་འདིའི་འགྲོ་རྒྱུག་གློ་བུར་དེ་འཕར་ཏེ། རྒྱལ་སྤྱིའི་དྲ་ཐོག་ཚོང་ལས་ཁང་ཆེ་ཤོས་ཨེ་མེན་ཛོན་ཐོག་དེབ་འགྲོ་རྒྱུག་ཆེ་ཤོས་ཆགས་ཡོད་པ་རེད། པར་སྐྲུན་ཁང་གིས་ཉེ་ཆར་དེབ་དེ་ཁ་གྲངས་༧༥༠༠༠ པར་སྐྲུན་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོའི་ཟླ་༡༡ ནང་གི་ཨ་རིའི་འོས་བསྡུའི་ཉིན་ནས། དེབ་དེ་༤༧༠༠༠ བཙོང་ཡོད་པས། ད་ལྟའི་ཆར་དེབ་དེ་མངགས་ཉོ་བྱེད་མཁན་མུ་མཐུད་འབྱུང་བཞིན་ཡོད་འདུག

སྒྲུང་དེབ་དེའི་བརྗོད་གཞི་གཙོ་བོ་ནི་དབང་ཆ་གཅིག་སྡུད་རིང་ལུགས་གཞུང་གིས་གནས་ཚུལ་བཀག་འགོག་དང་། དྲང་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་སྤེལ། དེ་བཞིན་རྒྱལ་ཞེན་རིང་ལུགས་བེད་སྤྱད་ནས་དགྲ་བོ་གསར་བཟོ་དང་འཁོན་འཛིན་སློང་བ་སོགས་བྱེད་ཀྱི་ཡོད་པ་དེ་ཡིན་པ་དང་། མི་མང་པོ་ཞིག་གིས་ཊོམ་སྲིད་འཛིན་ལ་འདེམས་ཐོན་བྱུང་རྗེས། དེབ་འདིའི་འགྲོ་རྒྱུག་འཕར་དོན་ཡང་ཁོང་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༡༣ ལོར་སྐུ་ཞབས་ཨེ་ཌེ་ཝེ་སི་ནོ་ཌེན་གྱིས་ཨ་རིའི་གསང་མྱུང་ལྟ་ཞིབ་ལས་དོན་འོག མི་མང་གིས་གསང་བ་དང་ཉིན་རེའི་འཚོ་བ་སོགས་ལ་ཁྲིམས་འགལ་ཐོག་ནས་ལྟ་ཞིབ་བྱེད་ཀྱི་ཡོད་པའི་གསང་བ་ཕྱི་ལ་བཏོན་སྐབས། དེབ་འདིའི་འགྲོ་རྒྱུགས་འཕར་བའི་གནས་ཚུལ་བྱུང་ཡོད་འདུག དེ་བཞིན་དེབ་འདིའི་བརྗོད་གཞི་དང་མཚུངས་པའི་དེབ་གཞན་ཁག་གིས་འགྲོ་རྒྱུག་ཀྱང་ཏོག་ཙམ་འཕར་བཞིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།