སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀྱིས་རྗོ་བྷའེ་ཌན་ལ་འཚམས་འདྲི་ཞུས་འདུག
ཟླ་༡ པོའི་ཚེས་༢༠ ཉིན་རྗོ་བྷའེ་ཌན་གྱིས་ཨ་རིའི་སྲིད་འཛིན་ཐེངས་༤༦ པའི་ལས་ཁུར་དམ་འབུལ་བྱས་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་གཉིས་ནས་འཚམས་འདྲི་ཞུས་འདུག
དེ་ཡང་སྲིད་སྐྱོང་གིས། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་སྲིད་འཛིན་ཐེངས་ ༤༦ མཆོག་གི་དམ་འབུལ་མཛད་སྒོའི་ཉིན་མོར་སྐུ་ཉིད་ལ་འཚམས་འདྲི་ཞུ་རྒྱུ་ཡིན། འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཨ་རིའི་གཞུང་མང་གཉིས་ནས་བོད་དོན་ཆེད་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་སང་སེམས་ཁུར་བྱེད་རྒྱུ་ནི་བོད་དོན་གཅིག་པུ་ཙམ་མིན་པར། རྒྱལ་སྤྱིའི་མང་གཙོ་དང་རྒྱལ་སྤྱིའི་རིན་ཐང་གི་ལྟ་བ་ཁག་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་གཞུང་རྒྱ་ནག་ལྟ་བུའི་ཉེན་ཁའི་འོག་ལྷུང་ཡོད་པ་དེ་དག་ལ་སེམས་ཁུར་བྱེད་དགོས་པ་ཆགས་ཡོད། སྐུ་ཉིད་ཀྱིས་ལོ་མང་རིང་ཨ་རིའི་རྒྱལ་ཁབ་དང་མི་མང་གི་ཆེད་དུ་ཞབས་འདེགས་རླབས་ཆེན་ཞུས་པ་དང་། ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་སྐུ་ཉིད་ལ་རྒྱལ་ཁ་ཐོབ་པ་ནི་ཨ་རིའི་མི་མང་གིས་སྐུ་ཉིད་ལ་ཡིད་ཆེས་བརྟན་པོ་ཞུ་བཞིན་པ་མཚོན་གྱི་ཡོད། ངས་སྐུ་ཉིད་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྦྲགས། ལས་ཡུན་རིང་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཨ་རིའི་གཞུང་གི་ལོ་རྒྱུས་ནང་ཐེངས་དང་པོ་མི་རིགས་དཀར་པོ་མིན་པའི་བུད་མེད་ཅིག་ཨ་རིའི་སྲིད་འཛིན་གཞོན་པ་ཆགས་ཐུབ་པ་དེས་རྒྱལ་སྤྱིའི་ཆབ་སྲིད་དང་དབུ་ཁྲིད་ཀྱི་གནད་དོན་ཐད་ནས་བུད་མེད་རྣམས་ལ་དུས་རབས་གསར་པ་ཞིག་བསྐྲུན་ཡོད། ལྷག་པར་ལྕམ་ཀཱ་མ་ལཱ་ཧེ་རི་སེ་མཆོག་ནི་རྒྱ་གར་གྱི་རིགས་རྒྱུད་ཡིན་པའི་ཆ་ནས་འཛམ་གླིང་ནང་གི་རྒྱ་གར་བ་ཡོངས་ལ་སྤོབས་པ་དང་སེམས་ཤུགས་བསྐྱེད་ཡོད། ལྕམ་སྐུ་མཆོག་གིས་ཐད་ཀར་གདོང་ལེན་གནང་དགོས་པའི་འགྲོ་བ་མིའི་ཐོབ་ཐང་དང་། འདྲ་མཉམ། གོ་ལའི་གནམ་གཤིས་འགྱུར་ལྡོག་བཅས་སླར་གསོ་གནང་སྐབས་བོད་དོན་གླེང་སློང་དང་། ཨ་རི་དང་བོད་གཉིས་ཀྱི་འབྲེལ་བ་སྔར་ལྷག་ཡར་རྒྱས་གོང་འཕེལ་ཡོང་བར་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་ཅེས་གསུངས་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོས། ཨ་རིའི་གཞུང་མང་གཉིས་ནས་བོད་མི་དང་། བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་འགྱུར་བ་མེད་པར་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་སོང་། ཨ་རིའི་གཞུང་མང་གཉིས་ནི་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན། ཉེ་ཆར་གཏན་འབེབས་གནང་བའི་ཕྱི་ལོ་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གི་འབྲུ་དོན་རྣམས་སྐུ་ཉིད་ཀྱི་དབུ་འཁྲིད་འོག་ཕྱག་བསྟར་གནང་རྒྱུར་ང་ཚོས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། སྔ་ལོའི་ཕྱི་ཟླ་༩ པའི་ནང་སྐུ་ཉིད་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་གི་ལས་བྱེད་མི་སྣ་རྣམས་ལ་དམ་དྲག་བཀའ་ཆད་གཅོད་རྒྱུ་ཡིན་པ་དང་། བོད་མི་རྣམས་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་པར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་དང་། སྐུ་ཉིད་ཀྱི་སྲིད་འཛིན་ལས་ཡུན་དེ་བཞིན་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
རྒྱ་དམར་གཞུང་གིས་ག་དུས་ཡིན་ནའང་བོད་ལ་ཞི་བའི་བཅིངས་གྲོལ་དང་ཡར་རྒྱས་བཏང་ཡོད་པ་བརྗོད་བཞིན་ཡོད་ཀྱང་། དོན་དངོས་སུ་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་ནང་གི་གནས་སྟངས་ནི་ཡ་ང་བ་ཞིག་དང་ཛ་དྲག་ཅན་ཞིག་ཡིན། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་གྲངས་ ༡༥༥ ཡིས་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཁོང་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་སྒྲ་བསྒྲགས་ཡོད་པ་དེ་དག་གིས་རྒྱ་གཞུང་གིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་རྩིས་མེད་བཏང་དང་གཏོང་བཞིན་ཡོད་པ་མཚོན་ཐུབ།
ཨ་རི་ནི་བོད་ཀྱི་གནད་དོན་དང་། བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ཡོང་རྒྱུར་རོགས་རམ་གནང་མཁན་གྱི་རྒྱལ་ཁབ་ཐོག་མའི་གྲས་ཤིག་ཡིན། ཨ་རིའི་གཞུང་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་རྒྱ་དམར་གཞུང་ལ་རྟག་ཏུ་སྐུལ་མ་དང་གནོན་ཤུགས་སྤྲད་དང་སྤྲོད་བཞིན་ཡོད་ཀྱང་། རྒྱ་དམར་གཞུང་གི་ངོས་ནས་དེར་བཟང་ཕྱོགས་ཀྱི་ཡ་ལན་ཞིག་ང་ཚོར་རྩ་བ་ནས་སྤྲོད་ཀྱི་མེད། ཡིན་ནའང་། ཁྱེད་ཀྱི་དབུ་འཁྲིད་འོག་ཨ་རིིའི་གཞུང་གིས་མུ་མཐུད་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་ནུས་པ་མཉམ་སྤུངས་ཐོག་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་སྟེ་བོད་དོན་ཞི་བའི་ཐོག་ནས་གསལ་རྒྱུར་ཡིད་ཆེས་ཆེན་པོ་ཡོད། སྲིད་བྱུས་དེས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་པ་མ་ཟད། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། སྐུ་ཉིད་ཀྱིས་ཨ་རིའི་མི་མང་གི་མངོན་འདོད་བསྒྲུབ་རྒྱུའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།