སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་ཞུས་པ།

བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནང་ད་ཆར་སྲིད་བློན་གསར་པ་བསྐོས་ཡོད་པ་དང་། ཁོང་ནི་བལ་ཡུལ་གྱི་ལོ་རྒྱུས་ཁྲོད་སྲིད་བློན་ལོ་ན་ཆུང་ཤོས་ཤིག་ཡིན་པ་མ་ཟད། བལ་ཡུལ་ནང་ལོ་མང་ཞིག་གི་རྗེས་སུ་ཆབ་སྲིད་ཚོགས་པ་བྱེ་བྲག་པ་གཅིག་གིས་སྲིད་དབང་བཟུང་བ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་འདུག ཉེ་ཆར་ཁོང་གི་དམ་འབུལ་ཞུས་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་འཚམས་འདྲི་ཞུས་འདུག

པར། བོད་མིའི་སྒྲིག་འཛུགས།

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༨ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གསར་དུ་བདམས་ཐོན་བྱུང་བའི་བལ་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་བྷ་ལེནྡྲ་ཤཱ་(Balendra Shah)ལ་དགའ་བསུའི་འཚམས་འདྲི་ཞུས་ཡོད་འདུག
དེ་ཡང་འཚམས་འཕྲིན་ནང་སྲིད་སྐྱོང་གིས་ཉེ་ལམ་ (Gen z) གཞོན་སྐྱེས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་འདིའི་རྗེས་ལོ་ན་ཆུང་ཤོས་ཀྱི་སྲིད་བློན་དུ་བདམས་ཐོན་བྱུང་ཡོད་པ་ནི་བལ་ཡུལ་མི་མང་དང་། ལྷག་པར་བལ་ཡུལ་གྱི་གཞོན་སྐྱེས་ཚོའི་མངོན་འདོད་མཚོན་གྱི་ཡོད་ཅེས་དང་།
དེ་བཞིན་སྲིད་སྐྱོང་གིས་བོད་དང་བལ་ཡུལ་དབར་དུས་རབས་མང་པོའི་རིང་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད་པ་དང་། ཕྱིས་སུ་བོད་ས་བཙན་བཟུང་བྱས་རྗེས་བོད་མི་རྣམས་བལ་ཡུལ་དུ་བཙན་བྱོལ་དུ་འབྱོར་སྐབས་བོད་མི་རྣམས་ཀྱིས་སོ་སོའི་རིག་གཞུང་ཉར་ཚགས་ཙམ་དུ་མ་ཟད། བལ་ཡུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་ལ་ཕན་གྲོགས་བྱེད་ཐུབ་པ་འདིས། ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་སྲ་བརྟན་དུ་བཏང་ཡོད། འདི་དག་ནི་གཙོ་བོ་བལ་ཡུལ་གྱི་གཞུང་མང་གཉིས་ཀྱི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པས་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་འདུག
མཐར་སྲིད་སྐྱོང་གིས་བལ་ཡུལ་གྱི་ལོ་རྒྱུས་ནང་གལ་གནད་ཆེ་བའི་དུས་སྐབས་འདིར་སྐུ་ཉིད་ཀྱིས་དབུ་ཁྲིད་གནང་བའི་རིང་ལས་དོན་ཐམས་ཅད་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུས་པ་དང་ཆབས་ཅིག བོད་དང་བལ་ཡུལ་དབར་འབྲེལ་བ་ཇེ་བརྟན་དུ་འགྲོ་བའི་ཐུགས་རེ་དང་། བལ་ཡུལ་རྒྱལ་ཁབ་ཏུ་གང་ཅིའི་ཐད་ནས་ཡར་རྒྱས་ཕུན་སུམ་ཚོགས་པ་དང་། བཟང་ཕྱོགས་ཀྱི་འགྱུར་བའི་ཕྱོགས་སུ་མདུན་བསྐྱོད་ཐུབ་པའི་སྨོན་འདུན་ཞུས་ཡོད་འདུག

བལ་ཡུལ་གྱི་སྲིད་བློན་དུ་བདམས་ཐོན་བྱུང་བའི་སྐུ་ཞབས་བྷ་ལེནྡྲ་ཤཱ་ཡིས་ཕྱི་ལོ་༢༠༢༦ ཟླ་བ་༣ ཚེས་ ༢༧ ཉིན་སྲིད་བློན་གྱི་ལས་འཁུར་དམ་འབུལ་ཞུས་ཡོད་པ་བཅས།།

གསར་འགོད་པ། བསོད་ནམས་ཕུན་ཚོགས།