ཧི་མ་ཅལ་བློན་ཆེན་ཞིག་གིས་བོད་སློབ་འཛིན་ཚོགས་སློབ་གྲྭ་ཁག་རྩིས་སྤྲོད་ལ་དགག་བྱ་བྱས་འདུག
ད་ལྟའི་ཆར་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ལྷག་མ་དྲུག་རྩིས་ལེན་པའི་ལས་རིམ་འགྲོ་བཞིན་ཡོད་པ་དང་བསྟུན། སིམ་ལའི་རྒྱ་གར་མི་མང་ཁག་ཅིག་དང་དེ་བཞིན་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཞིག་གིས་རྒྱ་གར་གྱི་སློབ་ཕྲུག་ཚོའི་ཆེད་དུ། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་རྣམས་རྒྱ་གར་དབུས་གཞུང་གི་སློབ་གྲྭར་སྒྱུར་དགོས་སྐོར་བརྗོད་བཞིན་འདུག
དེ་ཡང་ཟླ་༩ པའི་ཚེས་༡༥ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་བློན་ཆེན་སུ་རཱེཤ་བྷར་ཌ་ཝཇེ་(Suresh Bhardwaj)ཡིས། རྒྱ་གར་གཞུང་འཛིན་ཚོགས་པ་བྷི་ཇི་བྷི་ཡི་རྒྱལ་ཡོངས་ཚོགས་གཙོ་དང་། དེ་བཞིན་རྒྱ་གར་དབུས་གཞུང་གི་ཤེས་ཡོན་བློན་ཆེན། དབུས་གཞུང་གི་རྩེད་རིགས་བློན་ཆེན་བཅས་ལ་ཡི་གེ་བཏང་ནས། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་རྣམས་སམ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་མི་བྱེད་པའི་རེ་སྐུལ་བྱས་འདུག
བློན་ཆེན་ཁོང་གིས་ཕྱི་ལོ་༢༠༡༣ ལོར་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཚང་མ་སམ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་བྱེད་རྒྱུ་ཐག་གཅོད་བྱས་ཡོད་འདུག་པ་དང་། དེ་དང་འབྲེལ་ནས་ཉེ་ཆར་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་དྲུག་རྩིས་སྤྲོད་དགོས་པའི་བཀའ་བཏང་ཡོད་ཀྱང་། སློབ་གྲྭ་དེ་དག་ནང་རྒྱ་གར་སློབ་ཕྲུག་གི་ཁ་གྲངས་དང་བོད་པའི་སློབ་ཕྲུག་གི་ཁ་གྲངས་བསྡུར་ན། བོད་པའི་སློབ་ཕྲུག་གི་ཁ་གྲངས་ནི་ཤིན་ཏུ་ཉུང་ཉུང་ཡིན་ཁར། ཉེ་ཁུལ་དུ་བོད་པའི་སློབ་གྲྭ་གཞན་ཡང་ཡོད་པས་བོད་པའི་སློབ་ཕྲུག་རྣམས་དེ་གར་སློབ་འཇུག་བྱེད་ཆོག་གི་ཡོད་པ། འོན་ཀྱང་གལ་ཏེ་བོད་སློབ་འཛིན་ཚོགས་སློབ་གྲྭ་རྣམས་སམ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་བྱས་ཚེ་རྒྱ་གར་སློབ་ཕྲུག་རྣམས་སློབ་གྲྭ་ནས་རྩ་དགོངས་ཞུ་རྒྱུ་ལས་ཐབས་ལམ་གཞན་མེད་པས། རྒྱ་གར་གྱི་སློབ་ཕྲུག་ཚོའི་ཁ་གྲངས་ཆེན་པོ་ཡིན་པས་ཁོ་ཚོའི་མ་འོངས་པའི་མདུན་ལམ་སྲུང་སྐྱོབ་ཆེད་དུ། སློབ་གྲྭ་དེ་དག་རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་རྒྱ་གར་གྱི་སློབ་གྲྭར་(Kendriya Vidyalaya)ལ་སྒྱུར་བའི་རེ་སྐུལ་ཞུ་ཡི་ཡོད་སྐོར་བརྗོད་འདུག
དེ་སྔོན་ཟླ་༨ པའི་ཚེས་༡༨ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཞིག་སྤེལ་ཡོད་པ་དང་། དེའི་ནང་ཧི་མ་ཅལ་མངའ་སྡེའི་སིམ་ལར་ཡོད་པའི་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭའི་ནང་ཡོད་པའི་རྒྱ་གར་གྱི་སློབ་ཕྲུག་ཚོའི་ཕ་མ་རྣམས་ཀྱིས། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་དེ་དག་ནང་དུ་རྒྱ་གར་གྱི་སློབ་ཕྲུག་མང་པོ་ཞིག་སློབ་སྦྱོང་བྱེད་བཞིན་ཡོད་པས། སློབ་ཕྲུག་དེ་དག་གི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཆེད་དུ་སློབ་གྲྭ་རྣམས་རྒྱ་གར་དབུས་གཞུང་གི་སློབ་གྲྭར་སྒྱུར་རྒྱུ་ནི་ལམ་ཁ་ཡག་ཤོས་ཡིན་སྐོར་བརྗོད་ནས། དབུས་གཞུང་གིས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་རྣམས་སམ་བྷོ་ཊར་རྩིས་སྤྲོད་བྱེད་རྒྱུའི་ཐག་གཅོད་དེར་ཁྲིམས་ཁང་དུ་ཞུ་གཏུག་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་འདུག ཞུ་གཏུག་བྱེད་མཁན་རྒྱ་གར་སློབ་ཕྲུག་ཁག་གི་ཕ་མ་དང་ལྷན་དུ་སྤྱི་ཚོགས་ཞབས་ཞུ་ལས་འགུལ་བ་ཁག་ཅིག་ཀྱང་ཡོད་སྐོར་འདུག
དེ་བཞིན་ཁོ་ཚོས་བོད་སློབ་འཛིན་ཚོགས་སློབ་གྲྭ་དེ་དག་རྩིས་སྤྲོད་བྱེད་རྒྱུའི་ཐག་གཅོད་དེ་ནི་ཧི་མ་ཅལ་མངའ་སྡེའི་ས་ཁང་གི་ཁྲིམས་དང་འགལ་གྱི་ཡོད་ཁར། སློབ་གྲྭ་དེ་དག་གི་ས་ཁང་རིན་གོང་ནི་ཧིན་སྒོར་ས་ཡ་མང་པོ་ཡིན་ཁར། སློབ་གྲྭ་དེ་དག་འཛིན་སྐྱོང་བྱེད་རྒྱུའི་འགྲོ་སོང་ནི་ཉུང་ཉུང་ཡིན་པས། དབུས་གཞུང་གིས་ཐག་གཅོད་དེར་བསྐྱར་ཞིབ་བྱེད་དགོས་སྐོར་ཡང་བརྗོད་འདུག
རྒྱ་གར་སློབ་ཕྲུག་རྣམས་ཀྱི་ཕ་མ་ཚོས་ཁྲིམས་ཁང་དུ་ཞུ་གཏུག་བྱེད་སྐབས་བོད་སློབ་འཛིན་ཚོགས་སློབ་གྲྭ་༤༥ རྩིས་སྤྲོད་ཀྱི་ཐག་གཅོད་ལ་ཞུ་གཏུག་བྱེད་ཀྱི་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།