ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇིམ་མི་ལེར་མི་ལོ་༢༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཕྱི་ལོ་༢༠༢༠ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཅེས་པ་ལག་བསྟར་བྱས་པ་ནས་བཟུང་། ཧོང་ཀོང་གི་ཆབ་སྲིད་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཏེ། དམངས་གཙོ་དོན་གཉེར་བ་མང་པོ་ཞིག་འཛིན་བཟུང་དང་ཁྲིམས་ཆད་ལྗིད་པོ་ཕོག་བཞིན་ཡོད་པ་ལྟར། ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཁང་གི་སྦྱིན་བདག་གམ་དམངས་གཙོ་དོན་གཉེར་བ་ཇིམ་མི་ལེ་(Jimmy Lai)ལ་རྒྱ་ནག་གཞུང་གིས་མི་ལོ་༢༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཕྱི་ལོ་༢༠༢༦ ཟླ་༢ ཚེས་༩ ཉིན། བྷི་བྷི་སི་(BBC)གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་ད་ལྟ་རང་ལོ་༧༨ ཡིན་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇིམ་མི་ལེ་ལ་མི་ལོ་༢༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་གི་བུ་སེ་བྷ་སི་ཊི་ཡན་(Sebastien Lai)གྱིས་བརྗོད་དོན་ལ། རྒྱ་ནག་གཞུང་གིས་ཁོང་གི་ཕ་ལ་མི་ལོ་༢༠ ཡི་ཁྲིམས་ཐག་བཅད་པ་དེ་ནི་དོན་དངོས་སུ་སྲོག་ཁྲིམས་བཅད་པ་དང་གཅིག་མཚུངས་རེད་ཅེས་བརྗོད་འདུག ཇིམ་མི་ལེ་ནི་ཧོང་ཀོང་མི་མང་གི་ཁྲོད་ནས་རྒྱ་ནག་དམར་ཤོག་གཞུང་ལ་ཁ་གཏད་གཅོད་མཁན་དང་སྐྱོན་བརྗོད་བྱེད་མཁན་ནུས་པ་ཆེ་ཤོས་ཤིག་ཡིན་ཞིང་། ཕྱི་ལོ་༢༠༢༥ ཟླ་བ་༡༢ ནང་རྒྱ་གཞུང་གིས་ཁོང་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་སྤེལ་མཁན་ཡིན་པའི་དཔང་རྟགས་རྙེད་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག
ཇིམ་མི་ལེ་ཡིས་རང་ཉིད་ཀྱི་ཀུ་ཤུ་ཉིན་རེའི་གསར་ཁང་གི་སྡིངས་ཆ་བེད་སྤྱོད་བྱས་ཏེ། རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོའི་ལམ་ལུགས་ལ་ཐེ་བྱུས་བྱས་པ་དག་ལ་འགོག་རྒོལ་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག ཁོང་གི་བུ་ཡིས་བྷི་བྷི་སི་གསར་ཁང་ལ། ངའི་ཕ་ཡིས་ཧོང་ཀོང་གི་རང་དབང་སྲུང་སྐྱོབ་བྱས་པར་བརྟེན་ནས་ཉེས་ཆད་འདི་ཕོག་པ་ཞིག་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་གིས་ཧོང་ཀོང་གི་རང་དབང་དང་ཐོབ་ཐང་གི་ཆེད་དུ་བློས་གཏོང་ཆེན་པོ་གནང་ཡོད་པས། ད་ཆ་ཁོང་ལ་རང་དབང་ཐོབ་འོས་པ་ཞིག་རེད་ཅེས་བརྗོད་འདུག
དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཡེ་ཝེ་ཊི་ཁུ་པར་(Yvette Cooper)ཡིས་དབྱིན་གཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་ཐད་ཀར་འབྲེལ་བ་བྱས་ཏེ། ཇིམ་མི་ལེ་གང་མགྱོགས་གློད་བཀྲོལ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་དང་། ཧོང་ཀོང་གི་དབང་འཛིན་པ་ཚོས་མི་མང་ཐོག་དམ་དྲག་དང་གཉའ་གནོན་བྱེད་མཚམས་བཞག་ནས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་གིས་ཁོང་གློད་བཀྲོལ་དང་ནང་མི་དང་ལྷན་དུ་ཐུག་འཕྲད་བྱེད་འཇུག་དགོས་པ་བརྗོད་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེན་མར་ཁོ་རུ་བྷི་(Marco Rubio)ཡིས། རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་པ་དེ་དྲང་བདེན་མིན་པ་དང་། གནད་དོན་དེ་ཧ་ཅང་སྡུག་རྩུབ་ཆེན་པོའི་ངང་མཇུག་བསྡོམས་བརྒྱབ་ཡོད་པས། ཁོང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ནས་གློད་བཀྲོལ་དགོས་པ་བརྗོད་འདུག
ཇིམ་མི་ལེ་ཡི་བུ་ཡིས་བརྗོད་དོན་ལ། ངའི་ཕ་ལ་འདས་པའི་མི་ལོ་ལྔའི་རིང་ཁྲིམས་ཐག་མ་བཅད་གོང་དམ་དྲག་འོག་བཞག་པའི་རིང་འཕྲོད་བསྟེན་ལ་དཀའ་ངལ་ཤུགས་ཆེན་འཕྲད་ཡོད། ཁོང་ལ་སྙིང་ནད་ཡོད་པ་དང་གཟུགས་པོའི་ལྗིད་ཚད་ཀི་ལོ་༡༠ ཙམ་མར་ཆག་ཡོད་པས། ད་ཆ་ཁོང་ལ་མི་ལོ་༢༠ ཡི་བཙོན་འཇུག་ཁྲིམས་ཆད་བཅད་པ་དེ་ནི་སྲོག་ཁྲིམས་བཅད་པ་དང་གཅིག་མཚུངས་རེད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
