བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༠༩ ཕྱི་ལོ་ ༢༠༢༠/༠༧/༠༡
རྒྱ་དམར་གཞུང་གི་ངོས་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་རྒྱ་ནག་སྤྱི་ཡོངས་སུ་དམར་ཤོག་གི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡང་། ཧོང་ཀོང་ནང་རང་དབང་མང་གཙོ་ལོངས་སུ་སྤྱོད་ཆོག་པ་སྟེ་ཕྱི་ལོ་༡༩༩༧ ནས་བཟུང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་ལག་བསྟར་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་། དོན་དུ་ལོ་རེ་ནས་ལོ་རེ་བཞིན་ཧོང་ཀོང་ནང་རང་དབང་མང་གཙོའི་ཁོར་ཡུག་དོག་ཏུ་འགྲོ་བཞིན་པར་བརྟེན། ཧོང་ཀོང་མི་མང་གིས་ངོ་རྒོལ་སྔ་རྗེས་མང་པོ་བྱས་པ་རེད། ལོ་འདིར་རྒྱ་དམར་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཟེར་བ་གཏན་འབེབས་བྱས་པའི་ནང་། ལེའུ་༦ དང་དོན་ཚན་༦༦ ཡོད་ཅིང་། དེའི་ནང་རྒྱལ་ཁབ་ཁ་བྲལ་གཏོང་བ་དང་། རྒྱལ་ཁབ་སྲིད་དབང་མགོ་རྟིང་སློག་པ། འཇིགས་སྐུལ་བྱེད་སྒོ་སྤེལ་བ། ཕྱི་རྒྱལ་དང་ངན་འབྲེལ་བྱེད་པའམ་ཕྱི་ལོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བ་སོགས་བཀོད་ནས། རྒྱ་གཞུང་གིས་ཧོང་ཀོང་ནང་ཁྲིམས་ལུགས་ལ་ཁ་གཡར་ནས་དམ་དྲག་བྱེད་མགོ་བཙུགས་པ་ཞིག་རེད།
སྤྱིར་ཧོང་ཀོང་དེ་རྒྱལ་སྤྱིའི་ཚོང་འབྲེལ་གྱི་ལྟེ་གནས་གལ་ཆེན་ཞིག་དང་། དབྱིན་སྐད་དང་། རྒྱ་ནག་གི་སྤྱི་སྐད། ཧོང་ཀོང་གི་ཡུལ་སྐད་སོགས་སྐད་ཡིག་མང་པོ་ཡོད་པ་དང་། རིག་གནས་སྣ་མང་ཡོད་པའི་ས་གནས་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པས། འཛམ་གླིང་གི་ཤར་ནུབ་ཀུན་ཏུ་ཧོང་ཀོང་ལ་ཤར་ཕྱོགས་མུ་ཏིག་གྲོང་ཞེས་མཚན་སྙན་ཡང་ཐོབ་ཡོད། དེ་ལྟ་བུའི་ས་གནས་གལ་ཆེན་པོ་དེར་རྒྱལ་སྤྱིའི་སྟེང་ནས་དོ་སྣང་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། མི་རིགས་མི་གཅིག་པ་དུ་མ་ཞིག་ཀྱང་འདུ་འཛོམས་ཡོང་གི་ཡོད། ལྷག་པར་ཧོང་ཀོང་ནི་ཕྱི་ལོ་༡༨༤༢ ལོར་ཐེངས་དང་པོའི་ཐ་མག་ནག་པོའི་དམག་འཁྲུག་མཇུག་རྫོགས་རྗེས། རྒྱ་ནག་ཆིང་རྒྱལ་རབས་ཀྱི་དུས་སུ་དབྱིན་ཇི་ལ་རྩིས་སྤྲད་པ་དང་། ཕྱིས་སུ་ཕྱི་ལོ་༡༨༩༨ ལོར་ཧོང་ཀོང་དེ་མི་ལོ་༩༩ རིང་རྒྱ་ནག་གིས་དབྱིན་ཇིའི་སྲིད་གཞུང་ལ་བོགས་མར་བཏང་ནས་ཕྱི་ལོ་༡༩༩༧ ལོར་ཕྱིར་རྩིས་མ་བླངས་པའི་བར་མི་ལོ་༡༥༥ ཙམ་གྱི་རིང་དབྱིན་ཇིའི་སྲིད་གཞུང་གི་འོག་ཏུ་གནས་པས་ནུབ་ཕྱོགས་ཀྱི་ཤན་ཤུགས་དང་རིག་གནས་དར་ཁྱབ་ཆེ་བའི་ཡུལ་གྲུ་ཞིག་ཏུ་གྱུར་ཡོད།
ཐོག་མ་རྒྱལ་སྤྱིའི་ཐོག་ནས་ཧོང་ཀོང་གི་རང་དབང་མང་གཙོའི་གོམས་སྲོལ་ལ་བརྟེན་ནས་རྒྱ་ནག་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་རེ་བ་བརྒྱབ་ཡོད་མོད། དོན་དུ་དེ་ལས་ལྡོག་ནས་རྒྱ་དམར་གཞུང་གིས་ལོ་ལྟར་དམ་དྲག་ཆེ་རུ་བཏང་ནས་ཧོང་ཀོང་ནང་རང་དབང་མང་གཙོའི་ཐོབ་ཐང་ལ་བཀག་རྒྱ་ཆེན་པོ་བཟོས་ཡོད་ལ། ཧོང་ཀོང་མི་མང་གི་ངོས་ནས་ཀྱང་ཡུན་རིང་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། ངོ་རྒོལ་སྐད་འབོད་སྐབས་འཛོམས་ཆེ་དུས་མི་གྲངས་ས་ཡ་གསུམ་ལྷག་དུས་གཅིག་ཁྲོམ་གཞུང་དུ་ཐོན་ནས་ངོ་རྒོལ་བྱེད་དགོས་བྱུང་ཡོད། ལོ་འདིར་རྒྱ་དམར་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་གཏན་འབེབས་ཀྱིས་དམ་དྲག་བྱེད་མགོ་བཙུགས་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ནས་དེ་ལ་ཁ་གཏད་ནས་ངོ་རྒོལ་གྱི་རྣམ་འགྱུར་སྟོན་བཞིན་པ་མ་ཟད། ཧོང་ཀོང་གི་མི་སུ་ཡིན་ཡང་གང་མགྱོགས་སྐྱབས་བཅོལ་གྱི་ཐོབ་ཐང་སྤྲད་རྒྱུའི་ཐག་གཅོད་བྱེད་མཁན་ཡང་རྒྱལ་ཁབ་ཁ་ཤས་ཤིག་བྱུང་ཡོད། གནད་དོན་དེའི་ཐོག་ནས་བལྟས་ན་ཧོང་ཀོང་ནི་ད་ལྟའི་ཆར་དམ་དྲག་ཅན་གྱི་ཡུལ་གྲུ་ཞིག་ཏུ་འགྱུར་བཞིན་པ་མཚོན་ཡོད།
བོད་ཀྱི་གནད་དོན་དང་ཧོང་ཀོང་གི་གནས་སྟངས་གཉིས་བསྡུར་ནས་བལྟས་ན། ཧོང་ཀོང་སྐབས་དེར་རྒྱ་ནག་གི་མངའ་ཁོངས་སུ་མེད་སྟབས་ཕྱིར་འགུག་ཐབས་སུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འདི་བཟུང་བ་ཞིག་ཡིན་ཡང་། བོད་ས་ཡོངས་རྫོགས་རྒྱ་དམར་གཞུང་གི་བཙན་གནོན་འོག་ཡོད་སྟབས་ཧོང་ཀོང་ལ་བཟུང་བའི་སྲིད་བྱུས་དེ་ལྟ་བུ་ཞིག་འཛིན་རྒྱུའི་བསམ་བློ་དེ་རྒྱ་དམར་གཞུང་གི་དཔོན་རིགས་རྣམས་ལ་འཁོར་ཐུབ་ཀྱི་མེད། བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་རྒྱལ་སྤྱིའི་སྟེང་དུ་ཤུགས་རྐྱེན་དང་ནུས་པ་ཆེན་པོ་ཡོད་པ་ཞིག་བྱུང་ན། སྐབས་དེ་དུས་རྒྱ་དམར་གཞུང་གི་དཔོན་རིགས་རྣམས་ལ་བསམ་བློ་དེ་ལྟ་བུ་ཞིག་འཁོར་མི་སྲིད་པ་མ་རེད། དེར་བརྟེན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རྩ་དོན་འཐབ་རྩོད་ཀྱི་བསམ་བློ་དང་། ཕུགས་རྒྱང་རིང་པོའི་འཆར་གཞི་མེད་པར་རྒྱ་དམར་གཞུང་ལ་བསྟུན་གང་ཐུབ་བྱས་ན། བཙན་བྱོལ་བོད་གཞུང་གི་རིན་ཐང་ཡང་རྒྱ་དམར་གཞུང་གི་མིག་ནང་དུ་ཆུང་ནས་ཆུང་དུ་འགྲོ་ངེས་རེད།
མདོར་ན་རྒྱ་དམར་གཞུང་དང་མི་མང་ནི་རེ་བ་བརྒྱབ་ན་སྙིང་རྗེ་བལྟ་མཁན་ཞིག་མ་ཡིན་པར། མགོ་པང་ཐོག་ཏུ་བཞག་ན་མཆེ་བ་ཀླད་ཁུང་དུ་སྡེབ་མཁན། ཡ་ང་སྙིང་རྗེ་བྲལ་བའི་སྲིད་གཞུང་དང་མི་རིགས་ཤིག་ཡིན་སྟབས། མ་འོངས་པར་ནུས་པ་གང་ཡོད་ཀྱིས་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་མ་ཐུབ་ན། ད་ལྟ་རྒྱལ་སྤྱིའི་ཁྱོན་འདིར་རྒྱ་ནག་ལ་ཁ་གཏད་དང་ངོ་རྒོལ་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་པའི་སྐབས་འདིར་དེ་དང་མཐུན་པའི་གོ་སྐབས་ཤིག་འཚོལ་མ་ཐུབ་ན། བོད་དོན་དེ་གྲོགས་མེད་ཁེར་རྐྱང་དུ་འགྱུར་སྲིད་པ་ཞིག་རེད། ད་བར་རྒྱལ་སྤྱིའི་ནང་དབུ་མའི་ལམ་ལས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྲིད་གཞུང་ཧ་ཅང་དཀོན་མོད། ཕྱོགས་གཅིག་ནས་བལྟས་ན་བོད་མིའི་སྒྲིག་འཛུགས་ལ་མི་དགོས་པ་ཞིག་ལ་རྒྱལ་ཁབ་གཞན་གྱིས་རྒྱབ་སྐྱོར་ལྷག་མ་ཞིག་བྱེད་དཀའ་བ་དང་། སྐབས་དེར་རྒྱལ་སྤྱིའི་སྟེང་ནས་རྒྱ་གཞུང་ལ་བསྟུན་གང་ཐུབ་བྱས་ཡོད་པས་ཀྱང་དཀའ་ངལ་ཞིག་ཏུ་གྱུར་ཡོད། ད་སྐབས་དེ་དང་མི་འདྲ་བར་བཙན་བྱོལ་བོད་གཞུང་དང་མི་མང་གི་ངོས་ནས་ཁ་ཕྱོགས་གསར་པ་ཞིག་ཏུ་བསྐྱོད་རན་འདུག །