ཧོང་ཀོང་གི་སྲིད་དོན་ཟུར་ཟའི་བརྙན་འཕྲིན་ལེ་ཚན་རྙིང་ཤོས་མཚམས་བཞག་འདུག 

ཧོང་ཀོང་ནང་དུ་མང་གཙོ་དོན་གཉེར་བའི་ངོ་རྒོལ་ལས་འགུལ་དང་། རྒྱ་ནག་དབུས་གཞུང་གིས་རྩོད་རྙོག་ཅན་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དེ་ལག་བསྟར་བྱེད་རྒྱུ་གཏན་འཁེལ་བྱུང་ཡོད་པའི་སྐབས་དེར། ཧོང་ཀོང་ནང་གི་སྲིད་དོན་ཟུར་ཟའི་བརྙན་འཕྲིན་ལེ་ཚན་རྙིང་ཤོས་དེའི་ལེའུ་མཐའ་མ་རྒྱང་སྲིང་བྱས་འདུག 

ཟླ་༦ པའི་ཚེས་༢༡ ཉིན་ཧོང་ཀོང་རང་དབང་གསར་ཤོག་གིས་གནས་ཚུལ་སྤེལ་གསལ། ཧོང་ཀོང་ནང་གི་རྒྱ་ནག་དབུས་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས། རྒྱུན་ལྡན་དུ་མང་གཙོ་དོན་གཉེར་བའི་ཕྱོགས་སུ་ལྷུང་ཡོད་པའི་ཉེས་འཛུགས་བྱེད་ཡུལ་སྲིད་དོན་གྱི་ཟུར་ཟའི་བརྙན་འཕྲིན་ལེ་ཚན་(Headliner) ཞེས་པའི་ལེའུ་མཐའ་མ་དེ་ཟླ་༦ པའི་ཚེས་༡༩ ཉིན་རྒྱང་སྲིང་བྱས་འདུག 

དེ་ཡང་ཟླ་༢ པའི་ནང་ལེ་ཚན་དེས་ཧོང་ཀོང་གི་ཉེན་རྟོག་པར་ཟུར་ཟ་བྱས་པའི་འཁྲབ་ཚན་ཞིག་ཡོད་འདུག་པ་དང་། དེ་ཡང་སྐབས་དེར་ཧོང་ཀོང་གི་བརྒྱུད་ལམ་ཁག་ཏུ་ཉེན་རྟོག་པར་གདོང་ཁེབས་ཀྱི་མཁོ་སྤྲོད་འབེལ་པོ་ཡོད་ཀྱང་། མི་མང་དང་འཕྲོད་བསྟེན་ལས་མི་ཚོས་གདོང་ཁེབས་ཐོབ་པར་དཀའ་ལས་རྒྱག་བཞིན་པའི་གནས་ཚུལ་ཐོན་ཡོད་པ་རེད་འདུག འཁྲབ་ཚན་དེར་སྐྱོན་བརྗོད་ཞུ་གཏུག་བྱེད་མཁན་བརྒྱ་ཕྲག་མང་པོ་བྱུང་འདུག་པ་དང་། དེའི་ཁོངས་སུ་ཧོང་ཀོང་གྲོང་ཁྱེར་གྱི་ཉེན་རྟོག་དཔོན་ཡང་ཡོད་འདུག གནད་དོན་དེ་ལ་བརྟེན་ནས་ཧོང་ཀོང་གི་བརྒྱུད་ལམ་སྟངས་འཛིན་ལས་ཁང་གིས་རྟོག་ཞིབ་བྱས་འདུག 

ཟླ་བ་སྔོན་མར་བརྒྱུད་ལམ་སྟངས་འཛིན་ལས་ཁང་གིས་འཁྲབ་ཚན་དེས་ཉེན་རྟོག་པར་དམའ་འབེབས་དང་དྲང་བདེན་མིན་པའི་སྐྱོན་བརྗོད་བྱས་ཡོད་ཁར། ཕྱོགས་མང་པོའི་བསམ་ཚུལ་ལྡན་པའི་འཁྲབ་ཚན་བསྟན་མེད་པ་ཐག་གཅོད་བྱས་འདུག 

དེའི་རྗེས་སུ་ལེ་ཚན་དེ་རྒྱང་སྲིང་དང་བཟོ་སྐྲུན་བྱེད་མཁན་(RTHK) བརྙན་འཕྲིན་ལས་ཁང་གིས་དགོངས་སེལ་ཞུས་ནས། ལེ་ཚན་དེའི་ལེའུ་མཐའ་མ་དེ་རྒྱང་སྲིང་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་འདུག་པས། ཐག་གཅོད་དེར་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་དང་བརྙན་འཕྲིན་ཁང་དེའི་ལས་མིའི་ཚོགས་པ་ནས་སྐྱོན་བརྗོད་བྱས་ཡོད་འདུག 

ཟུར་ཟའི་ལེ་ཚན་དེ་ཕྱི་ལོ་༡༩༨༩ ལོའི་ཟླ་༤ པའི་ཚེས་༤  ཉིན་ནས་རྒྱང་སྲིང་བྱེད་མགོ་བཙུགས་འདུག་པ་དང་། གཙོ་བོ་ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོ། དེ་བཞིན་རྒྱལ་སྤྱིའི་སྲིད་དོན་ཐོག་ཟུར་ཟའི་འཁྲབ་གཞུང་འདོན་སྤེལ་བྱེད་ཀྱི་ཡོད་འདུག ལེ་ཚན་དེར་ཧོང་ཀོང་གི་མཐོ་རིམ་དཔོན་རིགས་དང་། རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་སོགས་ཀྱིས་མང་གཙོ་དོན་གཉེར་བ་ཚོར་རྒྱབ་སྐྱོར་དང་ཕྱོགས་ལྷུང་གི་བསམ་ཚུལ་ལྡན་པའི་འཁྲབ་ཚན་ཤ་སྟག་འདོན་སྤེལ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག་ཀྱང་། ལེ་ཚན་དེའི་འབྲེལ་ཡོད་མི་སྣ་ཚོས་ངོས་ལེན་བྱེད་ཀྱི་མེད་འདུག 

དེ་བཞིན་ཟླ་བ་སྔོན་མར་ཧོང་ཀོང་གཞུང་གིས་ལེ་ཚན་དེ་རྒྱང་སྲིང་དང་བཟོ་སྐྲུན་བྱེད་མཁན་(RTHK)བརྙན་འཕྲིན་ལས་ཁང་གི་ལས་དོན་དང་འཛིན་སྐྱོང་ལ་བསྐྱར་ཞིབ་བྱེད་ཆེད་དུ། ལས་དོན་རུ་ཁག་གཅིག་བསྐོ་གཞག་བྱས་པའི་གསལ་བསྒྲགས་ཀྱང་བྱས་ཡོད་འདུག སྐྱོན་བརྗོད་བྱེད་མཁན་ཚོས་ཧོང་ཀོང་གཞུང་གི་ཐག་གཅོད་དེ་ནི་བརྙན་འཕྲིན་ལས་ཁང་དེར་གནོན་ཤུགས་སྤྲད་ནས། རྒྱ་ནག་སྐམ་ས་ཆེན་མོའི་ནང་གི་བརྙན་འཕྲིན་ལས་ཁང་གཞན་ལྟར། གཞུང་གི་བཟང་ཕྱོགས་ཁོ་ན་རྒྱང་སྲིང་བྱེད་མཁན་བཟོ་ཐབས་བྱེད་ཀྱི་ཡོད་པར་སེམས་འཚབ་བྱེད་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།