ཧོང་ཀོང་དཔེ་མཛོད་ཁང་ཁག་ཏུ་མང་གཙོ་རྒྱབ་སྐྱོར་གྱི་དེབ་མཐོང་རྒྱུ་མེད་པ་ཆགས་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་རྩོད་རྙོག་ཅན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་བཙན་དབང་ཐོག་ནས་ལག་བསྟར་བྱེད་མགོ་བཙུགས་རྗེས། གྲོང་ཁྱེར་དེའི་ནང་གི་དཔེ་མཛོད་ཁང་ཁག་ཏུ་མང་གཙོ་ལ་རྒྱབ་སྐྱོར་གྱི་དེབ་རྣམས་མཐོང་རྒྱུ་མེད་པ་ཆགས་བཞིན་འདུག་པས། ཤེས་ཡོན་དང་བསམ་བློའི་རང་དབང་མེད་པ་ཆགས་བཞིན་པའི་སེམས་འཚབ་བྱེད་མཁན་མང་པོ་ཡོད་འདུག
ཟླ་༧ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧོང་ཀོང་གི་མང་གཙོ་ལས་འགུལ་བ་ཇཱོ་ཤེཝ་ཝོང་གི་དེབ་གཉིས་དང་། དེ་བཞིན་མང་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་དང་གྲོས་ཚོགས་འཐུས་མི་ཞིག་སོགས་ཀྱིས་བྲིས་བའི་མང་གཙོ་ལ་རྒྱབ་སྐྱོར་གྱི་དེབ་ཤེས་རྟོགས་བྱུང་བར་ཉུང་མཐར་དགུ གྲོང་ཁྱེར་དེའི་དཔེ་མཛོད་ཁང་ཁག་གི་ནང་ནས་ཕྱིར་འཐེན་གྱིས་ཀློག་པ་པོ་ཚོར་གཡར་རྒྱུ་མེད་པ་བཟོས་འདུག ཐག་གཅོད་དེ་ཡང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱས་པའི་རྗེས་སུ་བྱུང་བ་རེད་འདུག
ལས་འགུལ་བ་ཇཱོ་ཤེཝ་ཝོང་གིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དེས་ཧོང་ཀོང་གྲོང་ཁྱེར་ནང་དུ་རྒྱ་ནག་སྐམ་ས་ཆེན་མོའི་ཞིབ་བཤེར་བྱེད་སྟངས་བཙན་དབང་ཐོག་ནས་ལག་བསྟར་བྱེད་ཀྱི་ཡོད་པ་རེད། ངས་བྲིས་པའི་དེབ་གཉིས་ནི་ཧོང་ཀོང་ནང་དུ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གྱི་ལས་འགུལ་མ་བྱུང་བའི་སྔོན་ནས་པར་སྐྲུན་བྱས་ཡོད་ཀྱང་། དེ་གཉིས་ལ་ཞིབ་བཤེར་བཀག་སྡོམ་བྱེད་པའི་ཉེན་ཁ་ཡོད་པ་རེད་ཅེས་བྲིས་འདུག ཁོང་གི་དེབ་གཉིས་པོ་དེ་ཕྱི་ལོ་༢༠༡༣ དང་༢༠༡༥ ལོར་པར་སྐྲུན་བྱས་ཡོད་པ་རེད་འདུག
ཧོང་ཀོང་གྲོང་ཁྱེར་གྱི་དཔེ་མཛོད་ཁང་ཁག་སྟངས་འཛིན་བྱེད་མཁན་རིག་གཞུང་ཞབས་ཞུ་ལས་ཁང་གིས། དེབ་དེ་ཚོ་དཔེ་མཛོད་ཁང་ཁག་ནས་ཕྱིར་འཐེན་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དང་འགལ་གྱི་ཡོད་མེད་ཞིབ་འཇུག་བྱེད་བཞིན་ཡོད་པས། དེབ་རྣམས་གཡར་རྒྱུ་མེད་སྐོར་བརྗོད་འདུག
ཨེ་ཤི་ཡ་ནང་གི་གཙུག་ལག་སློབ་གཉེར་ཁང་རྩེ་ཕུད་ཁག་ཅིག་ཧོང་ཀོང་ནང་དུ་ཡོད་འདུག་པ་དང་། རྒྱ་ནག་སྐམ་ས་ཆེན་མོ་དང་མི་འདྲ་བར། མཐོ་སློབ་དེ་དག་ནང་དུ་བསམ་བློ་དང་ཤེས་ཡོན་གྱི་རང་དབང་ཚད་མཐོ་ཡོད་འདུག་ཀྱང་། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་མང་གཙོ་དང་འབྲེལ་བའི་དེབ་རྣམས་ཞིབ་ཤེར་སྟངས་འཛིན་གྱི་ལས་འགུལ་ལ་བརྟེན་ནས། མ་འོངས་པར་ཤེས་ཡོན་བསྟི་གནས་ཁང་དེ་དག་ཀྱང་རྒྱལ་ཞེན་སློབ་གསོ་སྤྲོད་ཡུལ་ཆགས་སྲིད་པའི་ཉེན་ཁ་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།