ཧྥ་རན་སིའི་འགྲེམས་སྟོན་ཁང་དུ་བོད་ཀྱི་མིང་མ་བཀོད་པར་རྒྱལ་ཚོགས་ནས་སྐྱོན་བརྗོད་བྱས་འདུག

ཧྥ་རན་སིར་ཡོད་པའི་ (Musee Guimet) ཞེས་པའི་འགྲེམས་སྟོན་ཁང་དུ་བོད་ཀྱི་དངོས་རྫས་མང་པོ་ཞིག་གི་ཐོག་ཏུ་བོད་ཀྱི་མིང་བཀོད་མེད་པར་བརྟེན། དུས་ཡུན་རིང་པོ་ནས་ངོ་རྒོལ་ལས་འགུལ་ཐེངས་མང་སྤེལ་ཡོད་ཀྱང་། ཕྱིས་སུ་དངོས་རྫས་དེ་དག་ལ་ “ཧི་མ་ལ་ཡའི་འཇིག་རྟེན་”ཞེས་པ་ཞིག་ཏུ་བསྒྱུར་བ་ལས་བོད་ཀྱི་མིང་འགོད་རོགས་མ་བྱས་པར་བརྟེན། ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུ་ཧྥ་རན་སིའི་འགྲེམས་སྟོན་ཁང་དེར་སྐྱོན་བརྗོད་བྱས་པ་དང་། བོད་ཀྱི་རིག་གཞུང་རྩ་མེད་བཟོ་ཐབས་སུ་རྒྱ་ནག་གཞུང་ལ་རོགས་རམ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

པར། ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པ།

ཕྱི་ཚེས་༢༩ ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ནས་གནས་ཚུལ་སྤེལ་དོན་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་རང་དབང་ཚན་པའི་ཆེད་མཁས་པ་ཚོས་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྐབས་སུ་ཧྥ་རན་སིའི་འགྲེམས་སྟོན་ཁང་ནང་བོད་ཀྱི་མིང་མི་འབྲི་བར་”ཧི་མ་ལ་ཡའི་འཇིག་རྟེན་”ཞེས་པ་བྲིས་པ་དེ་ནི་བོད་ཀྱི་མིང་”Tibet”ཞེས་པ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཆེད་མཁས་པ་ཚོས་རྒྱ་ནག་གིས་བོད་ཀྱི་མིང་དེ་རྒྱ་ཡིག་ཐོག (Xizang) ཞེས་པ་དེ་བྲིས་པ་དང་། གཞན་གྱིས་ “ཧི་མ་ལ་ཡའི་འཇིག་རྟེན་” ཞེས་པ་བྲིས་པ་སོགས་ནི་བོད་ཀྱི་མིང་དང་རིག་གཞུང་སོགས་ལ་སྣང་མེད་བཏང་བ་དང་། རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་བརྗོད་འདུག
དེ་བཞིན་བོད་ཀྱི་མིང་ཧྥ་རན་སིའི་འགྲེམས་སྟོན་ཁང་དུ་མི་འབྲི་བ་ནི་ཐད་ཀར་རྒྱ་ནག་གཞུང་གི་ཆབ་སྲིད་དང་ལག་འབྲེལ་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག ཕྱི་ལོ་༢༠༢༣ ནས་བཟུང་རྒྱ་ནག་གཞུང་གིས་སྲིད་བྱུས་ཤིག་གཏན་འབེབས་བྱས་ཡོད་པ་དང་། སྲིད་བྱུས་དེའི་ནང་རྒྱ་ནག་གི་ཡིག་ཆ་ཁག་དང་། རྒྱལ་སྤྱིའི་ཐོག་བོད་དང་འབྲེལ་བའི་གནད་དོན་གང་ཞིག་ཡིན་ནའང་། ངེས་པར་དུ་བོད་ཀྱི་མིང་དབྱིན་ཡིག་ནང་ཡོད་པའི་(Tibet) ཞེས་པའི་ཚབ་ཏུ་རྒྱ་ཡིག་ནང་ཡོད་པའི་(Xizang)ཟེར་བ་དེ་བཀོལ་སྤྱོད་བྱེད་དགོས་པའི་སྲིད་བྱུས་བཟོས་ཡོད་པས། སྲིད་བྱུས་དེ་དག་གིས་བོད་ཀྱི་རིག་གཞུང་དང་གོམས་གཤིས་སོགས་མེད་པ་བཟོ་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པས་ཆེད་མཁས་པ་ཚོར་བློ་འཚབ་ཆེན་པོ་ཡོད་ཅེས་བརྗོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་ཧྥ་རན་སིའི་གཞུང་གིས་ངེས་པར་དུ་གསལ་བཤད་བྱེད་དགོས་པ་དང་། རྒྱ་ནག་གཞུང་དང་ཧྥ་རན་སིའི་གཞུང་གཉིས་བར་མཉམ་ལས་ལ་བརྟེན་ནས་བོད་ཀྱི་རིག་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་མི་བྱེད་པ་དེ་རྒྱ་ནག་གི་བསམ་ཚུལ་བསྟན་ཡོད་མེད་གསལ་བཤད་དགོས་པའི་དགོས་འདུན་བཏོན་ཡོད་འདུག འདས་པའི་དུས་ཡུན་རིང་པོ་ནས་བཟུང་བོད་དང་འབྲེལ་བའི་ཚོགས་པ་༡༤༠ ཙམ་གྱི་རྒྱབ་སྐྱོར་ཡོད་པའི་ཐོག་ནས་དྲིལ་བསྒྲགས་དང་ངོ་རྒོལ་ཐེངས་མང་པོ་བྱས་ཡོད་པ་དང་། བོད་ཀྱི་མིང་དང་རིག་གཞུང་སྲུང་སྐྱོབ་དགོས་པས། ལྟེ་གནས་ཁང་དེ་དག་གིས་ཁྲིམས་གཏུགས་ཐེངས་དྲུག་བྱས་ཡོད་པར་བརྟེན། ཧྥ་རན་སིའི་རྒྱལ་སར་ཡོད་པའི་(Quai Branly Museum)འགྲེམས་སྟོན་ཁང་དང་། (The British Museum)དབྱིན་ཡུལ་འགྲེམས་སྟོན་ཁང་གཉིས་ཀྱིས་བོད་ཀྱི་མིང་དེ་རྒྱ་མིང་(Xizang)ནས་དབྱིན་ཡིག་གི་མིང་(Tibet)ཞེས་པ་དེ་ལ་བསྒྱུར་ཐུབ་ཡོད་པ་བརྗོད་འདུག
དེ་བཞིན་(The global coalition)ཞེས་པའི་གོ་ལའི་མཉམ་འབྲེལ་ཞེས་པ་དེ་ཡིས་དེ་སྔོན་(UNESCO)མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གནས་གཅེས་སྐྱོང་ཁང་གིས་ཧྥ་རན་སིའི་རྒྱལ་སར་འགྲེམས་སྟོན་ཞིག་གོ་སྒྲིག་བྱེད་དུས་རྒྱ་ནག་གཞུང་གིས་བོད་ཀྱི་པར་རིགས་དང་དངོས་རྫས་ཐོག་བོད་ཀྱི་མིང་(Tibet)མི་འབྲི་བར། དེ་ལས་ལྡོག་སྟེ་རྒྱ་ནག་གི་མིང་(Xizang)ཟེར་བ་དེ་བེད་སྤྱོད་བྱས་ཡོད་པར་བརྟེན། གོ་ལའི་མཉམ་འབྲེལ་ཞེས་པའི་ཚོགས་པ་དེ་ཡིས་ངོ་རྒོལ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁུར་ཡོད་པའི་ལས་ཁུངས་ཤིག་གིས་ཆབ་སྲིད་ཀྱི་མིང་བརྡ་ཞིག་རྒྱལ་སྤྱིས་ངོས་ལེན་མེད་ཀྱང་བེད་སྤྱོད་བྱས་ནས་བོད་ཀྱི་ངོ་བོ་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག་ལ། འགྲེམས་སྟོན་དེའི་ནང་གི་པར་རིས་ཀྱི་མིང་དང་འགྲེལ་བཤད་ནང་(Xizang)ཞེས་པའི་མིང་བེད་སྤྱོད་བྱས་པ་ནི་ནོར་འཁྲུལ་བྱས་ཡོད་པ་དང་། ཚོགས་པ་ཁག་གིས་(Xizang)ཞེས་པའི་མིང་དེ་རྒྱ་ནག་གིས་བོད་མི་རིགས་ཀྱི་ལོ་རྒྱུས་བསུབ་ཐབས་བྱེད་ཀྱི་ཡོད་པ་དང་། མིང་དེ་མི་རིགས་ཤིག་གིས་མི་རིགས་གཞན་ཞིག་ལ་བཙན་འཛུལ་བྱེད་དུས་བེད་སྤྱོད་བྱེད་བཞིན་པའི་མིང་ཞིག་ཡིན་པར་སྐྱོན་བརྗོད་བྱས་ཡོད་འདུག
དེ་བཞིན་བོད་པའི་ལས་འགུལ་བ་ཚོས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་འགྲེམས་སྟོན་ཁང་དེ་དག་ནང་གི་བོད་ཀྱི་མིང་ལ་འགྱུར་བ་བཏང་བ་ནི་རྒྱ་ནག་གིས་བོད་ཀྱི་མིང་མེད་པ་བཟོ་ཐབས་དང་། བོད་ཀྱི་རིག་གཞུང་དང་བོད་མི་མེད་པ་བཟོ་ཐབས་ཀྱི་བཙན་གནོན་རང་བཞིན་གྱི་སྲིད་བྱུས་ཤིག་ཡིན་ཡང་། རྒྱལ་ཁབ་དེ་དག་གིས་རྒྱ་ནག་དང་མཐུན་པོ་ཡོང་ཐབས་ཆེད་དུ་བོད་ཀྱི་རིག་གནས་དང་མི་རིགས་བློས་བཏང་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག
ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་དབྱངས་ཅན་ནས་བོད་མི་ཚོ་ལ་མཚོན་ན། རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་སའི་ས་ཆ་ཞིག་ཏུ་བོད་ཀྱི་མིང་མེད་པ་བཟོས་པ་ནི་ང་ཚོ་ལ་མཚོན་ན་བཙན་གནོན་གྱི་བྱ་སྤྱོད་གཞན་ཞིག་ཡིན་པས། ཁོང་གིས་ཧྥ་རན་སིའི་གྲོང་ཁྱེར་པེ་རི་སིའི་ལམ་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་བར། ང་ཚོའི་སྐད་ཆ་གཅིག་གསལ་པོ་བཟོས་ཡོད། དེ་ནི་མི་རབས་འདིས་བོད་མི་མེད་པ་བཟོ་འཇུག་རྒྱུ་མིན་པ་དེ་ཡིན་ཞེས་བརྗོད་ཡོད་འདུག ཧྥ་རན་སིའི་མི་རིགས་རིག་པ་མཁས་དབང་དང་བོད་རིག་པ་མཁས་དབང་(Katia Buffetrille)ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐྱོན་བརྗོད་དེ་ང་ཚོའི་འབད་བརྩོན་ལ་གཟེངས་བསྟོད་གལ་ཆེན་ཞིག་ཡིན་ཞིང་། དེས་ང་ཚོས་འགྲེམས་སྟོན་ཁང་ཁག་ལ་ངོ་རྒོལ་བྱས་པ་དེར་ཁྲིམས་མཐུན་གྱི་གནས་བབས་ཤིག་ཡིན་པ་དང་། དེ་ནི་མིང་འགྱུར་བ་གཏོང་བ་ཁོ་ན་ཙམ་མིན་པར། ཆབ་སྲིད་ཀྱི་འབྲེལ་བ་ངན་པ་ཞིག་གི་ཆ་ཤས་ཤིག་ཡིན་པ་མཚོན་གྱི་ཡོད་རེད་ཅེས་བརྗོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྟན་འཛིན་དབྱངས་འཛོམས་ཀྱིས་འདི་ནི་ང་ཚོས་ཟླ་བ་མང་པོ་ནས་བཤད་པ་དེར་གཟེངས་བསྟོད་གལ་ཆེན་ཞིག་རེད། (Guimet)འགྲེམས་སྟོན་ཁང་གིས་བོད་ཀྱི་མིང་བསུབ་རྒྱུའི་ཐག་གཅོད་དེ་དཀྱུས་མ་ཞིག་མིན་པར། རྒྱ་ནག་གིས་བོད་ཀྱི་ངོ་བོ་མེད་པ་བཟོ་བའི་བཙན་གནོན་གྱི་འཐབ་བྱུས་དང་མཐུན་པ་ཞིག་ཡིན་པ་གསལ་པོ་རེད་ཅེས་བརྗོད་འདུག་པ་དང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐེ་བྱུས་འདི་ཧྥ་རན་སིའི་དཔོན་རིགས་དང་རིག་གནས་ལས་ཁུངས་ཚང་མར་གོ་དགོས་པའི་ཅོང་བརྡ་ཞིག་ཡིན་པ་དང་། ཧྥ་རན་སི་ནང་ཡོད་པའི་གཙོ་བོ་བོད་པའི་ཚོགས་པ་ཁག་དང་རྒྱལ་སྤྱིའི་མཐུན་ཚོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་ཚང་མར་འཕྲལ་མ་ཉིད་དུ་ལས་འགུལ་སྤེལ་དགོས་པའི་དྲན་སྐུལ་གལ་ཆེ་ཞིག་ཡིན་པ་ཡང་བརྗོད་ཡོད་འདུག
ད་དུང་(Guimet)འགྲེམས་སྟོན་ཁང་གིས་འཕྲལ་མ་ཉིད་དུ་མིང་བརྡ་བསྒྱུར་བ་དེ་ཕྱིར་འཐེན་བྱེད་དགོས་པ་དང་། ཧྥ་རན་སིའི་གཞུང་གི་རིག་གནས་ལས་ཁུངས་ཁག་ལ་ཕྱི་རྒྱལ་གྱི་ཐེ་བྱུས་མི་ཡོང་བ་བྱ་རྒྱུ་དང་། འགན་འཁུར་ཡོད་པ་བཟོ་རྒྱུ་གལ་ཆེན་ཡིན། (UNESCO) མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གནས་གཅེས་སྐྱོང་ཁང་གིས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁུར་བླངས་ཏེ། (Xizang)ལྟ་བུའི་ཆབ་སྲིད་ཅན་གྱི་མིང་བརྡ་ཁས་ལེན་མི་བྱེད་པ་དང་། བོད་ཀྱི་ངོ་བོ་དང་ས་ཁམས། རིག་གནས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་དགོས། ང་ཚོས་(UNESCO)མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གནས་གཅེས་སྐྱོང་ཁང་གིས་རྒྱལ་སྤྱིའི་མཐུན་ཚོགས་ཀྱི་བོད་མིའི་འཐུས་མི་དང་མཇལ་འཕྲད་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། བོད་མིའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཆེད། (Xizang) ལྟ་བུའི་མིང་བརྡ་ཁས་ལེན་མི་བྱེད་རྒྱུའི་ཁས་ལེན་གསལ་པོ་ཞིག་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།