ཧྥ་རན་སིའི་འོས་གྲངས་དེ་གྲངས་བཤེར་ཉིས་ལྡབ་སོང་ཡོད་པ་རེད་འདུག
ཟླ་༢ པའི་ཚེས་༩ ཉིན་དབུས་འོས་བསྡུ་ལྷན་ཁང་གིས་ཛ་དྲག་གསར་འགོད་ལྷན་ཚོགས་བསྐོངས་ནས། སྔོན་འགྲོའི་འོས་ཤོག་གྲངས་བཤེར་བྱས་པའི་སྐབས་སུ་ཧྥ་རན་སིའི་འོས་གྲངས་དེ་ཉིས་ལྡབ་སོང་འདུག་པས། སྲིད་སྐྱོང་དང་ཡུ་རོབ་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གྲངས་ལ་འགྱུར་བ་སོང་ཡོད་པ་གསལ་བསྒྲགས་བྱས་སོང་།
དེ་ཡང་འོས་བསྡུ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་གིས་གསུང་དོན་ལ། དེ་སྔོན་ཡིན་ན་ཧྥ་རན་སི་དེ་བྷེལ་ཇེམ་སྐུ་ཚབ་དོན་གཅོད་ཁོངས་སུ་ཚུད་ཀྱི་ཡོད་པས། ཁུལ་དེའི་འོས་ཤོག་གྲངས་བཤེར་ཐོ་གྲངས་དེ་མཉམ་དུ་དབུས་འོས་བསྡུ་ལྷན་ཁང་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད་དེ། ཐེངས་འདིར་ཏོག་དབྱིབས་ནད་དུག་གི་གནས་སྟངས་འོག ཧྥ་རན་སིའི་འོས་ཤོག་དེ་ཧྥ་རན་སིར་གྲངས་བཤེར་བྱེད་པའི་ཆ་རྐྱེན་བསྐྲུན་ཡོད་པ་དང་། རྗེས་སུ་དབུས་འོས་བསྡུ་ལྷན་ཁང་ལ་བྷེལ་ཇེམ་གྱི་འོས་ཤོག་གྲངས་ཐོ་ཕུལ་བའི་སྐབས་སུ་ཧྥ་རན་སིའི་འོས་གྲངས་ཀྱང་མཉམ་དུ་ཕུལ་ཡོད་ཁར། ཧྥ་རན་སི་ནས་ཀྱང་ཁུལ་དེའི་འོས་གྲངས་དབུས་འོས་བསྡུ་ལྷན་ཁང་ལ་ཕུལ་ནས། འོས་ཤོག་གྲངས་བཤེར་སྐབས་སུ་ཧྥ་རན་སིའི་འོས་གྲངས་དེ་ཉིས་ལྡབ་སོང་ཡོད་པ་ཤེས་རྟོགས་ཀྱིས། སྲིད་སྐྱོང་དང་ཡུ་རོབ་སྤྱི་འཐུས་ཀྱི་འོས་གྲངས་ལ་འགྱུར་བ་ཕྱིན་ཡོད་སྐོར་གསུངས་སོང་།
དེ་ཡང་སྲིད་སྐྱོང་འོས་གྲངས་གསར་པ་ནི། སྤེན་པ་ཚེ་རིང་ལ་༢༣༧༦༢། དབུ་ཀར་ཚང་སྐལ་བཟང་རྡོ་རྗེ་ལ་༡༤༠༣༡། རྒྱ་རི་སྒྲོལ་མ་ལ་༡༣༡༧༡། འབྲོང་ཆུང་དངོས་གྲུབ་ལ་༡༠༠༡༡། བློ་བཟང་སྙན་གྲགས་ལ་༩༨༣། ཨཅརྱ་ཡེ་ཤེས་ཕུན་ཚོགས་ལ་༢༢༡ བཅས་ཡིན་འདུག ཡུ་རོབ་སྤྱི་འཐུས་ཀྱི་འོས་གྲངས་འགྱུར་བ་ཕྱིན་ཡོད་པ་ལས། ཨང་རིམ་ལ་འགྱུར་བ་ཕྱིན་མི་འདུག
དེ་བཞིན་སྐབས་༡༧ པའི་སྤྱི་འཐུས་འོས་མི་ཁག་ཅིག་འོས་ཁོངས་གཉིས་སུ་ཚུད་པ་བྱུང་ཡོད་པའི་ཁོངས་ནས། བཀའ་བརྒྱུད་དང་མདོ་སྟོད་སྤྱི་འཐུས་གཉིས་ཀྱི་འོས་ཁོངས་སུ་ཡོད་མཁན་སྙིང་མིག་མདོ་སྟོད་སྤྱི་འཐུས་འོས་མིར་ལངས་རྒྱུ་ཡིན་པའི་བརྡ་ལན་འབྱོར་ཡོད་པ་དང་བཀའ་བརྒྱུད་འོས་མི་ནས་ཕྱིར་འཐེན་བྱེད་ཀྱི་ཡོད་པ། དེ་བཞིན་བཀའ་བརྒྱུད་དང་མདོ་སྟོད་སྤྱི་འཐུས་གཉིས་ཀྱི་འོས་ཁོངས་སུ་ཡོད་མཁན་བསྟན་པ་ཡར་འཕེལ་མདོ་སྟོད་སྤྱི་འཐུས་འོས་མི་ནས་ཕྱིར་འཐེན་གྱིས་བཀའ་བརྒྱུད་སྤྱི་འཐུས་འོས་མིར་ལངས་རྒྱུ་ཡིན་པའི་བརྡ་ལན་འབྱོར་བར་བརྟེན། བཀའ་བརྒྱུད་སྤྱི་འཐུས་འོས་མི་གསུམ་ལྡབ་བཏོན་པའི་ནང་དྲུག་པ་གསར་པ་དེ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཡིན་པ་དང་། མདོ་སྟོད་སྤྱི་འཐུས་འོས་མིའི་ཁོངས་སུ་ཨང་རིམ་༣༠ པ་གསར་པ་དེ་ཕ་ཡུལ་རི་བོ་ཆེ་དང་སྡོད་གནས་རྡ་ས། ལས་གནས་ཚོང་ལས་ཚོགས་གཙོ་ཡིན་མཁན་ཚེ་རིང་དབྱངས་འཛོམས་ཆགས་པའི་གསལ་བསྒྲགས་སྤེལ་སོང་།
འོས་བསྡུ་འགན་འཛིན་གྱིས་སྔོན་འགྲོ་འོས་བསྡུ་གསལ་བསྒྲགས་སྐབས་སུ་བྱང་ཨ་རིའི་སྤྱི་འཐུས་ཨང་རིམ་གསུམ་པ་དེ་བསྟན་འཛིན་འཇིགས་མེད་ཚབ་ཏུ་བསྟན་འཛིན་ཐོགས་མེད་ཅེས་མིང་འདོན་བྱས་པ་དེར་བསྐྱར་བཅོས་ཀྱིས། མིང་བསྟན་འཛིན་འཇིགས་མེད་ཡིན་སྐོར་དང་། དེ་བཞིན་ལོ་༡༨ གསར་དུ་ཟིན་མཁན་རྣམས་ཀྱིས་ཟླ་༤ པའི་ཚེས་༡༠ བར་འོས་བསྡུའི་དེབ་སྐྱེལ་བྱེད་ཆོག་གི་ཡོད་སྐོར་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།