ཧྥ་རན་སིའི་སྲིད་འཛིན་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཐུབ་རྒྱུ་ཁག་པོ་ཡིན་སྐོར་གསུངས་འདུག
ཧྥ་རན་སིའི་སྲིད་འཛིན་ཨཱེ་མོལ་མེར་ཁོན་གྱིས། རྒྱ་ནག་དང་གྲོས་བསྡུར་མ་བྱས་པར་༧གོང་ས་མཆོག་ལ་མཇལ་འཕྲད་གནང་ཐུབ་རྒྱུ་དཀའ་ལས་ཁག་པོ་ཡིན་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་ཉེན་ཁ་ཆགས་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ཟླ་༤ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧྥ་རན་སིའི་སྲིད་འཛིན་ཨཱེ་མོལ་མེར་ཁོན་ཨ་རིའི་ནང་གཟིགས་སྐོར་དུ་ཕེབས་ཡོད་པ་ལྟར། ཟླ་༤ པའི་ཚེས་༢༥ ཉིན་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་ཇཱོར་ཇེ་ཝ་ཤིན་ཀྲོན་གཙུག་ལག་སློབ་ཁང་གི་སློབ་མ་ཚོར་གཏམ་བཤད་སྤེལ་སྐབས། དེ་སྔོན་ཁོང་སྲིད་འཛིན་འོས་མི་ཡིན་སྐབས། ཧྥ་རན་སིའི་རྒྱལ་ས་པཱེ་རི་སིར་གཞན་ལ་སེམས་འགུལ་གཏོང་ཐུབ་མཁན་༧གོང་ས་མཆོག་དང་མཇལ་འཕྲད་བྱུང་སྐོར་དང་། ད་ལྟའི་ཆར་རང་ཉིད་ཧྥ་རན་སིའི་སྲིད་འཛིན་ཡིན་པས། ༧གོང་ས་མཆོག་དང་མཇལ་འཕྲད་གནང་ཚེ། རྒྱ་ནག་དང་ཧྥ་རན་སིའི་འབྲེལ་ལམ་ལ་ཉེན་ཁ་ཆགས་རྒྱུ་ཡིན་པ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་ལ་བརྡ་སྤྲོད་ཆེད་དུ། ༧གོང་ས་མཆོག་དང་མཇལ་འཕྲད་གནང་ཚེ་ཕན་ཐོགས་མེད་ཁར། མཇུག་འབྲས་ལྡོག་ཕྱོགས་ཐོན་རྒྱུ་ཡིན་པ། གལ་ཏེ་མཇལ་འཕྲད་གནང་ནས་རྒྱ་ནག་ནས་རྒོལ་ལན་ཡག་པོ་མ་བྱུང་ཚེ། ཧྥ་རན་སིའི་མི་མང་ལ་ཕན་ཐོགས་མེད་པ་ཡིན་སྐོར་གསུངས་ཡོད་འདུག
དེ་བཞིན་ཁོང་གིས་གལ་ཏེ་༧གོང་ས་མཆོག་དང་བོད་མི་རྣམས་དང་རྒྱ་ནག་བར་གྱི་གནད་དོན་དེ་སེལ་བར་རམ་འདེགས་བྱེད་ཐུབ་ཚེ། གང་ཡོང་བྱེད་རྒྱུ་ཡིན་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་གནད་དོན་དེ་སེལ་རྒྱུར་འདོད་མོས་ཡོད་སྲིད་པའི་རྟགས་མཚན་མཐོང་གི་ཡོད་པ་དང་། ༧གོང་ས་མཆོག་དང་རྒྱ་ནག ནང་པ་རྣམས་ཀྱི་ཆེད་དུ་དེ་ལྟར་ཡིན་པར་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་ཡོད་འདུག
ཕྱི་ལོ་༢༠༡༦ དང་༢༠༡༧ བར་ཧྥ་རན་སི་དང་རྒྱ་ནག་བར་ཡུ་རོབ་ཀྱི་སྒོར་མོ་ཐེར་འབུམ་༧༥.༣ གྱི་ཚོང་འབྲེལ་བྱས་ཡོད་འདུག་པ་དང་། རྒྱ་ནག་དེ་ཧྥ་རན་སིར་ཚོང་ཟོག་ནང་འདྲེན་བྱེད་མཁན་ཆེ་ཤོས་གཉིས་པ་དེ་ཡིན་ཁར། རྒྱ་ནག་དེ་ཧྥ་རན་སིའི་ཚོང་ཟོག་ཕྱི་འདྲེན་བྱེད་ཡུལ་ཆེ་ཤོས་བདུན་པ་དེ་ཡིན་འདུག་པས། ཉེ་སྔོན་ཟླ་༡ པོའི་ནང་ཧྥ་རན་སིའི་སྲིད་འཛིན་རྒྱ་ནག་ཏུ་བསྐྱོད་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས། ཧྥ་རན་སིའི་རྒྱ་ནག་ཏུ་ཚོང་ཟོག་ཕྱི་འདྲེན་གྱི་འབོར་ཆེ་རུ་གཏོང་ཐབས་བྱས་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
