ཧྲང་ཧེ་མཉམ་ལས་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་འཚོགས་བཞིན་འདུག
ཟླ་འདིའི་ཚེས་༤ ཉིན་རྒྱལ་སྤྱིིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧྲང་ཧེ་མཉམ་ལས་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་༢༣ པ་དེ་ཉིད་རྒྱ་གར་གྱི་སྲིད་བློན་མུ་དྷི་ཡི་གཙོ་སྐྱོང་འོག་ཟླ་འདིའི་ཚེས་༤ ཉིན་དྲྭ་ལམ་བརྒྱུད་འཚོགས་བཞིན་ཡོད་འདུག

ཐེངས་འདིའི་ཚོགས་ཐོག་ཏུ་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་པ་ཀི་སི་ཐན་གྱི་སྲིད་བློན་ཤེལ་བྷ་ཤར་རེ།(Shehbaz Sharif) དེ་བཞིན་ཚོགས་མི་རྒྱལ་ཁབ་ཁག་གི་སྐུ་ཚབ་སོགས་དྲྭ་ལམ་བརྒྱུད་ནས་མཉམ་ཞུགས་བྱེད་བཞིན་ཡོད་འདུག
རྒྱ་གར་ནི་ཕྱི་ལོ་༢༠༡༧ ལོར་ལྷན་ཚོགས་དེའི་ནང་ཐོག་མར་མཉམ་ཞུགས་བྱས་ཡོད་པ་དང་ཐེངས་འདིའི་ལྷན་ཚོགས་ཀྱི་གཙོ་སྐྱོང་གནང་མཁན་ཞིག་ཆགས་ཡོད་པ་མ་ཟད། ལོ་འདིའི་ཕྱི་ཟླ་༩ པའི་ནང་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་ཀྱི་གཙོ་སྐྱོང་གནང་མཁན་ཡང་རྒྱ་གར་ཆགས་ཡོད་འདུག
ཐེངས་འདིའི་ཚོགས་ཆེན་ཐོག་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ཡང་མཉམ་ཞུགས་བྱེད་བཞིན་ཡོད་པ་དང་། ཟླ་བ་༦ པའི་ཚེས་༢༢ ཉིན་ཨུ་རུ་སུའི་སྒེར་དམག་ཚོགས་པས་ཨུ་རུ་སུའི་གཞུང་ལ་གྱེན་ལོག་བྱས་རྗེས། ཨུ་རུ་སུའི་སྲིད་འཛིན་ཁོང་ཉིད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཐོན་པ་ཐོག་མ་ཆགས་ཡོད་འདུག
ཚོགས་པ་དེ་ནི་ཕྱི་ལོ་༢༠༠༡ ཟླ་༦ ཚེས་༡༥ ཉིན་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཡུ་རོབ་དང་ཨེ་ཤེ་ཡའི་(Eurasia) ས་ཁུལ་ཁག་ཏུ་ནུབ་ཕྱོགས་མཐུན་ཚོགས་རྒྱལ་ཁབ་ཚོའི་ཤུགས་རྐྱེན་ལ་གདོང་ལེན་དང་ཁ་གཏད་གཅོག་རྒྱུའི་ཆེད་དུ་བཙུགས་པ་ཞིག་ཆགས་ཡོད་འདུག་ལ། ད་ལྟའི་ཆར་རྒྱ་གར་དང་ཨུ་རུ་སུ། རྒྱ་ནག་དང་པ་ཀི་སི་ཐན། ཁ་ཛག་སི་ཐན་དང་ཁིར་གྷེ་སི་ཐན། ཐ་ཅི་ཁི་སི་ཐན་དང་ཨུ་ཛུ་བྷེ་ཁི་སི་ཐན་བཅས་ཁྱོན་བསྡོམས་ཚོགས་མི་རྒྱལ་ཁབ་བརྒྱད་ཡོད་འདུག
ཧྲང་ཧེ་མཉམ་ལས་ལྷན་ཚོགས་ཀྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ་༤༠% དང་དཔལ་འབྱོར་གྱི་ཐོན་སྐྱེད་ཕྱོགས་བསྡོམས(GDP) བརྒྱ་ཆ་༣༠% ཟིན་ཡོད་པ་དང་། ཨེ་ཤི་ཡ་དང་ཡུ་རོབ་ཀྱི་ས་ཁྱོན་བརྒྱ་ཆ་༦༠% ཟིན་ཡོད་འདུག་པས། འཛམ་གླིང་ཐོག་གི་ལྷན་ཚོགས་ཆེ་ཤོས་ཀྱི་གྲས་ཤིག་ཆགས་ཡོད་པའི་དབང་གིས་རྒྱལ་ཁབ་མང་པོ་ཞིག་ལྷན་ཚོགས་དེའི་ནང་དུ་འཛུལ་ཞུགས་བྱེད་འདོད་ཡོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།
