ཨ་རི་དང་ཡུ་རོབ་ཀྱི་འགོ་ཁྲིད་ཚོས་ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་གཅོད་རྒྱུའི་སྐོར་གླེང་སློང་།

གཟའ་ཟླ་བའམ་མིག་དམར་གང་རུང་ཞིག་ལ་ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་འགའ་ཨ་རིར་ཕེབས་ནས་ཡུག་རེན་ནང་གི་དམག་འཁྲུག་དང་འབྲེལ་བའི་སྐོར་གྲོས་མོལ་བྱེད་རྒྱུ་དང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རི་གཞུང་གིས་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཉེས་ཆད་ཐེངས་གཉིས་པ་གཅོད་རྒྱུར་གྲ་སྒྲིག་ཡིན་པ་བརྗོད་འདུག

པར། བྷི་བྷི་སི།

ཕྱི་ཚེས་༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་ཁག་ཅིག་ཨ་རི་ལ་གཟའ་ཟླ་བའམ་མིག་དམར་གང་རུང་ཞིག་ལ་ཕེབས་འཆར་ཡོད་པ་དང་། སྐབས་དེ་དུས་ཡུག་རེན་ནང་འབྱུང་བཞིན་པའི་དམག་འཁྲུག་སྐོར་གྲོས་མོལ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག དེའི་རྗེས་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་ལྷན་དུ་གྲོས་མོལ་བསྐྱར་དུ་བྱེད་རྒྱུར་རེ་བ་བྱེད་བཞིན་ཡོད། གལ་སྲིད་གྲོས་མོལ་མ་བྱུང་ཚེ་ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་ཐེངས་གཉིས་པ་གཅོད་རྒྱུ་ལ་གྲ་སྒྲིག་ཆ་ཚང་ཡིན་ཞེས་བརྗོད་འདུག་པར་བརྟེན། ཡུག་རེན་གྱི་སྲིད་འཛིན་ཛ་ལ་སི་ཀི་ཡིས་ཨ་རིའི་སྲིད་འཛིན་ཊོམ་གྱི་དཔལ་འབྱོར་ཉེས་ཆད་གཅོད་རྒྱུའི་ཐབས་ཤེས་དེ་ནི་ཐབས་ཤེས་ནུས་པ་ཆེ་ཤོས་དེ་ཡིན་པ་དང་། དེ་བཞིན་ཡུ་རོབ་ཀྱི་ཨུ་རུ་སུ་ནས་སྣུམ་ཉོ་མཚམས་འཇོག་རྒྱུའི་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་བརྗོད་འདུག

གནད་དོན་དེ་དག་གླེང་སློང་བྱེད་དགོས་དོན་གཙོ་བོ་ཁ་སང་དགོང་མོ་ཨུ་རུ་སུས་མི་མེད་གནམ་གྲུ་༨༡༠ དང་གོ་མཚོན་གཞན་༡༣ ཙམ་འཕངས་ནས་ཡུག་རེན་གྱི་དབུས་བློན་ཆེན་ལས་ཁུངས་ལ་གཏོར་རྒོལ་ཆེན་པོ་བྱས་པའི་ཁྲོད། མི་བཞིའི་སྲོག་ཤོར་ཡོད་འདུག་ལ་མང་པོ་ཞིག་རྨས་ཡོད་འདུག སྲིད་འཛིན་ཊོམ་གྱིས་ཡུག་རེན་ནང་ཁ་སང་དགོང་མོ་བྱུང་པའི་མི་བསད་དོན་རྐྱེན་དང་འབྲེལ་ནས་གནས་ཚུལ་དེའི་སྐོར་གོ་ཐོས་བྱུང་ཡོད་པ་དང་། ཁོང་སྐྱིད་པོ་མ་བྱུང་ཞེས་བརྗོད་འདུག ཁ་སང་གཟའ་ཉི་མའི་ཉིན་གསར་འགོད་པས་སྲིད་འཛིན་ཊོམ་ལ་ཁྱོད་ཀྱིས་ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་མིན་འདྲི་དུས། ཉེས་ཆད་གཅོད་རྒྱུ་གྲ་སྒྲིག་ཡིན་ཞེས་བརྗོད་འདུག འོན་ཀྱང་། དེ་སྔོན་ཊོམ་ནས་ཨུ་རུ་སུའི་གཞུང་གིས་ཡུག་རེན་ནང་དམག་འཁྲུག་མཚམས་འཇོག་སྐོར་གྱི་གྲོས་མོལ་དེ། དུས་ཡུན་ཚད་བཀག་ནང་གྲོས་མོལ་མ་བྱུང་ཚེ་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། དུས་ཡུན་ཚད་བཀག་རྫོགས་ཡོད་འདུག་ཀྱང་། ཉེས་ཆད་གང་ཡང་བཅད་མེད་སྐོར་བརྗོད་འདུག

ཨ་རིའི་ནོར་སྲིད་ལྷན་ཁང་གི་དྲུང་ཆེན་(Scott Bessent) གྱིས་ཨ་རིའི་གཞུང་གིས་ངོས་ནས་ཡུག་རེན་ནང་གི་དམག་འཁྲུག་དེ་མཚམས་འཇོག་ཡོང་ཐབས་སུ་དཔལ་འབྱོར་ཐོག་ནས་གནོན་ཤུགས་སྤྲོད་མ་ཐུབ་ཚེ་གྲུབ་འབྲས་ཤིག་ཡོང་རྒྱུ་ཁག་པོ་རེད་འདུག་པས། དཔལ་འབྱོར་ཐོག་ནས་གནོན་ཤུགས་སྤྲོད་པ་ལ་ང་ཚོ་ལ་ཡུ་རོབ་མཐུན་ཚོགས་ངོས་ནས་རྒྱབ་སྐྱོར་དགོས་ཀྱི་འདུག་ཅེས་བརྗོད་འདུག དེ་བཞིན་ཁོང་གིས་བྷི་བྷི་སི་གསར་ཁང་ལ་གལ་སྲིད་ཡུ་རོབ་ཀྱིས་ཨུ་རུ་སུ་ནས་སྣུམ་ཉོ་མཁན་རྒྱལ་ཁབ་ཚོ་་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་ན་ཨུ་རུ་སུའི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཕོག་རྒྱུ་ཡིན་པ་དང་། དེ་དུས་སྲིད་འཛིན་པུ་ཊིན་གྱིས་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ཆེད་གྲོས་མོལ་བྱེད་ཀྱི་རེད། ད་ལྟའི་ཆར་གནད་དོན་གཉིས་བར་འགྲན་བསྡུར་བྱེད་བཞིན་ཡོད། དང་པོ་ཡུག་རེན་གྱི་དམག་གི་དུས་ཡུན་ག་ཚོད་ཙམ་གྱི་རིང་ལ་འགོག་རྒོལ་ཐུབ་མིན་དང་། ཨུ་རུ་སུའི་དཔལ་འབྱོར་ག་ཚོད་ཙམ་གནས་ཐུབ་མིན་གཉིས་བར་ཐུག་ཡོད། ཨུ་རུ་སུའི་དཔལ་འབྱོར་ཉམས་རྒུད་གཏོང་བ་ལ། ཨུ་རུ་སུའི་ཚོང་རོགས་རྒྱལ་ཁབ་ཚོ་ལ་ཉེས་ཆད་གཅོད་དགོས། ད་བར་རྒྱ་གར་ལ་སྒོ་ཁྲལ་མང་ཤོས་བརྒྱ་ཆ་༥༠ བཀལ་ཡོད་ཀྱང་། རྒྱལ་ཁབ་གཞན་རྣམས་ལ་ད་དུང་དེ་ལྟར་བཀལ་མེད། མ་འོངས་པར་ལྟ་རྒྱུ་རེད་ཅེས་བརྗོད་འདུག

ཡུག་རེན་ནང་ཨུ་རུ་སུས་བཙན་འཛུལ་འགོ་བཙུགས་པ་ནས་བཟུང་ད་བར་ཨུ་རུ་སུ་གཞུང་གིས་སྣུམ་བཙོངས་ནས་ཁྱོན་ཨ་སྒོར་ཐེར་འབུམ་༩༨༥ ཡོང་འབབ་བྱུང་ཡོད་པ་བརྗོད་འདུག ནུབ་ཕྱོགས་རྒྱལ་ཁབ་ཚོས་ཇེ་ཙམ་གྱིས་ཨུ་རུ་སུའི་དཔལ་འབྱོར་ཐད་ཉེས་ཆད་བཅད་ཀྱང་ཨུ་རུ་སུའི་ངོས་ནས་ད་དུང་སྣུམ་གྱི་ཁྲོམ་རྭ་ཆེ་རུ་གཏོང་ཐབས་སུ་ཉེ་ཆར་ཧྲང་ཧེ་མཉམ་འབྲེལ་ཚོགས་པའི་ལྷན་ཚོགས་སྐབས་སུ་མ་འོངས་པར་རྒྱ་ནག་དང་གཞན་རྣམས་ལ་སྣུམ་ཚོང་རྒྱུ་མང་དུ་གཏོང་རྒྱུ་གྲོས་མཐུན་བཞག་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།