ཨ་རིའི་གཞུང་ཚབ་པས་ལྡི་ལིའི་དོན་གཅོད་འབྲོང་ཆུང་དངོས་གྲུབ་དང་མཇལ་འཕྲད་གནང་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཨ་ཋལ-ཁཱ་ཤབ་(Atul Keshap) ཀྱིས་ཁ་སང་རེས་གཟའ་མིག་དམར་ཉིན་ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་དང་མཇལ་འཕྲད་གནང་འདུག་ཅིང་། མཇལ་འཕྲད་སྐབས་ཁོང་གིས་“བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་གི་ངོ་བོ་”སྲུང་སྐྱོབ་དང་རྒྱུན་འཛིན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་གསུངས་ཡོད་འདུག
ཨ་རིའི་གཞུང་ཚབ་ཁོང་གིས་ཋོའུ་ཋར་དྲ་བའི་ཐོག་ཏུ་མཇལ་འཕྲད་དེའི་འདྲ་པར་དང་རྩོམ་ཐུང་ཞིག་བཀོད་པའི་ནང་། ཁོང་གིས་“༧ཏཱ་ལའི་བླ་མའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་དང་མཇལ་འཕྲད་བྱུང་བར་དགའ་པོ་བྱུང་། ཨ་རིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་རྒྱུན་འཛིན་དང་། ཆོས་དད་རང་དབང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ༧ཏཱ་ལའི་བླ་མའི་སྐྱེ་བོ་ཐམས་ཅད་ལ་གཅིག་མཚུངས་ཀྱི་ཐོབ་ཐང་དགོས་པའི་ཐུགས་འདུན་ལ་གུས་བརྩི་ཞུ་ཡི་ཡོད་”ཅེས་བྲིས་འདུག
རྒྱ་གར་གྱི་གསར་ཁང་WION གྱིས་བོད་དང་ཨ་རིའི་སྐུ་ཚབ་རྣམ་གཉིས་ཀྱི་མཇལ་འཕྲད་དེ་དང་འབྲེལ་བའི་གནས་ཚུལ་ཞིག་སྤེལ་བའི་ནང་། གསར་ཁང་དེས་ཐེངས་འདིའི་“མཇལ་འཕྲད་དེ་ཨ་རིའི་ཕྱོགས་ནས་བཙན་བྱོལ་བོད་མིའི་འགོ་ཁྲིད་དང་འབྲེལ་ལམ་ཟབ་ཏུ་གཏོང་བ་དང་འབྲེལ། རྒྱ་ནག་གིས་བོད་དང་ཤིང་ཅང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཆེ་རུ་གཏོང་བཞིན་པའི་སྐབས་སུ་བྱུང་བ་ཡིན་”པའི་འགྲེལ་བརྗོད་བྱས་འདུག
ཕྱི་ལོ་༢༠༡༢ ཀྱི་ལོ་སྨད་དུ་ཞི་ཅིན་ཕིང་རྒྱ་ནག་གི་འགོ་ཁྲིད་དུ་གྱུར་བའི་རྗེས། རྒྱ་ནག་ནང་ལོགས་ཀྱི་གནས་ཚུལ་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ། རྒྱ་ནག་དང་རྒྱལ་སྤྱིའི་འབྲེལ་ལམ། རྒྱ་ནག་དང་ཨ་རིའི་འབྲེལ་བ་སོགས་གནས་སྟངས་མང་པོ་ཞིག་ལ་བློ་ཡུལ་ལས་འདས་པའི་འགྱུར་ལྡོག་ཐེབས་ཡོད་པ་མ་ཟད། ན་ནིང་ཞི་ཅིན་ཕིང་གིས་“བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་”དང་། “ཁ་བྲལ་བ་ལ་རྡུང་རྡེག་”བྱེད་པ་སོགས་ཀྱི་སྲིད་བྱུས་གསར་པ་བཏོན་ནས་བོད་མགྱོགས་མྱུར་རྒྱ་ནག་ཅན་དུ་སྒྱུར་བའི་དམིགས་ཡུལ་དང་ལག་བསྟར་ཁོ་ན་བྱེད་བཞིན་ཡོད་རུང་། དྷ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ནས་འདས་པའི་ལོ་ངོ་བཅུ་ཕྲག་བཞི་ཙམ་གྱི་སྲིད་བྱུས་ལ་ལེགས་ཉེས་ཀྱི་བསྐྱར་ཞིབ་ཙམ་ཡང་མེད་པར་སྔར་རྒྱུན་ལྟར་རང་སྲིད་རང་སྐྱོང་རྩོད་བཞིན་ཡོད་པ་རེད།
ད་ལྟ་ཨ་རིས་འདས་པའི་ལོ་ངོ་བཅུ་ཕྲག་བཞིའི་སྲིད་བྱུས་དེ་ནོར་འཁྲུལ་དུ་ཁས་ལན་བྱས་ཏེ་རྒྱ་ནག་ལ་དངོས་སུ་འགྲན་རྩོད་དང་ཁ་གཏད་གཅོག་རྒྱུའི་སྲིད་བྱུས་གསར་པ་ཞིག་འཐེན་བཞིན་ཡོད་སྟབས། ཨ་རྒྱ་གཉིས་ཕྱོགས་དང་གནད་དོན་སྣ་ཚོགས་ནས་འགལ་ཟླ་རྒྱུན་མི་ཆད་པར་འབྱུང་བཞིན་ཡོད་ལ། ཨ་རིས་རང་བཙན་གྱི་གནས་བབས་ཡོད་པའི་ཐའེ་ཝན་དང་། རང་སྲིད་རང་སྐྱོང་རྩོད་བཞིན་པའི་བོད་གཉིས་ཀར་རྒྱབ་སྐྱོར་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་ཡིན་པའི་རྣམ་པ་ཞིག་མངོན་བཞིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།