ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པར་གནང་བའི་འཚམས་འཕྲིན་ཁག་གཉིས།

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

ཕྱི་ཟླ་༡༠ ཚེས་ ༢༦ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་མའེ་ཁེ་རྗོན་སོན་ (Mike Johnson) ལ་འཚམས་འཕྲིན་གནང་། 

མཚམས་འཕྲིན་ནང་དུ། ཨ་རིའི་རྒྱལ་ཁབ་ནི་འཛམ་གླིང་གི་སྣེ་འཁྲིད་མཁན་ཞིག་ཡིན་པ་དང་། མགོན་པོ་གང་གིས་ཡུན་རིང་པོ་ནས་ཨ་རིའི་རྒྱལ་ཁབ་ཀྱིས་མང་གཙོ་དང་། རང་དབང་། ཆོས་དད་རང་དབང་། འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་གནང་སྟངས་དེར་ཡིད་སྨོན་སྐྱེ་མྱོང་ཡོད་པ་དང་། 

དེ་བཞིན་ཕྱི་ལོ་ ༡༩༧༩ ནས་བཟུང་མགོན་པོ་གང་ཉིད་ཨ་རིར་ལན་མང་ཕེབས་རྒྱུའི་གོ་སྐབས་བྱུང་ཚུལ་དང་། ཁོང་གི་དགོངས་ཚུལ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་གཙོས་པའི་དབུ་ཁྲིད་རྣམས་ལ་གསུང་རྒྱུ་བྱུང་བ། གཞན་ཡང་མགོན་པོ་གང་གིས་ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་གནང་ཐོག ཨ་རིས་འཚེ་མེད་ཞི་བདེ་སོགས་གཞིར་བཞག་ཅིང་བོད་ཀྱི་ཆོས་དང་རིག་གཞུང་། སྲུང་སྐྱོབ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། རིག་པའི་གཞུང་ལུགས་འདིས་འགྲོ་བ་སེམས་ཅན་ལ་ཕན་ཐོགས་ངེས་པའི་ཡིད་ཆེས་བརྟན་པོ་ཡོད་པ་དང་། ད་ཆར་འཛམ་བུ་གླིང་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་ཀྱང་གོ་ལ་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་འགྲོ་བཞིན་པས་ཕུགས་སུ་རེ་བ་བཟང་ས་ནས་རྒྱག་གནང་གི་ཡོད་སྐོར་གསུངས་པ་དང་སྦྲགས། ཚོགས་གཙོ་ནས་ཨ་རིའི་མི་མང་གི་རེ་བ་དང་མངོན་འདོད། དེ་བཞིན་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་བྱ་བ་ལམ་འགྲོ་ཡོང་བའི་ཐུགས་སྨོན་བཅས་གནང་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ནས་ཀྱང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་འཚམས་འདྲི་ཞིག་གནང་ཡོད་པ་དང་། འཚམས་འདྲིའི་ནང་དུ། ཨ་རིའི་རྒྱལ་ཁབ་ནི་བོད་ཀྱི་བདེན་དོན་དང་། བོད་ཀྱི་ཐུན་མིན་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་གནང་མཁན་ཐོག་མའི་གྲས་ཡིན་པ། གཞན་ཡང་ཨ་རིའི་གཞུང་མང་གཉིས་ཀྱིས་ད་བར་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་རྒྱབ་སྐྱོར་དང་། བོད་མི་རྣམས་ལ་མཐུན་འགྱུར་གང་ཐུབ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། ཚོགས་གཙོ་གསར་པའི་ལས་ཡུན་ནང་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་པར་ཡང་གསུངས་འདུག

ཟླ་འདིའི་ཚེས་༣ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྔ་མ་གནས་དབྱུང་བཏང་རྗེས།ཚོགས་གཙོ་འདེམས་མ་ཐུབ་པར་ད་བར་ལུས། ཟླ་འདིའི་ཕྱི་ཚེས་༢༥ ཉིན་གཞི་ནས་ལུ་སི་ཡ་ན་མངའ་སྡེ་ནས་ཡིན་པའི་མའེ་ཁེ་རྗོན་སོན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཡོད་པ་དང་། ཐེངས་འདིར་ཚོགས་གཙོའི་འོས་མི་༤ ཙམ་བྱུང་ཡོད་པ་རེད།