ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་“རྒྱ་ནག་གཅིག་གི་སྲིད་བྱུས་”རྩིས་མེད་གཏོང་དགོས་པའི་ཁྲིམས་འཆར་བཏོན་འདུག
ཕྱི་ཟླ་༣ ཚེས་ཨ་རིའི་ཚེས་༡ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ཋོམ-ཋེ་ཧྥི་ནི་(Tom Tiffany) དང་། སི་ཀོ་ཊི-ཕེ་རི་(Scott Perry) གཉིས་ཀྱིས་ཨ་རིའི་གཞུང་ལ་“རྒྱ་ནག་གཅིག་གི་སྲིད་བྱུས་”མཚམས་འཇོག་བྱས་ཏེ་ཐའེ་ཝན་དང་ལྷན་དུ་གཞུང་འབྲེལ་གྱི་འབྲེལ་ལམ་བསྐྱར་གསོ་བྱེད་དགོས་པའི་ཁྲིམས་འཆར་གསར་པ་ཞིག་བཏོན་ཡོད་པའི་གསལ་བསྒྲགས་གནང་འདུག
རེས་གཟའ་ཟླ་བའི་ཉིན་གྲོས་ཚོགས་འཐུས་མི་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་སྤེལ་བའི་གསལ་བསྒྲགས་དེའི་ནང་། མི་ཋོམ-ཋེ་ཧྥི་ནི་(Tom Tiffany) ཡིས་འདས་པའི་ལོ་ངོ་༤༠ ལྷག་གི་རིང་ལ་ཨ་རིའི་སྲིད་འཛིན་ཚོས་“ཐའེ་ཝན་དེ་དམར་ཤོག་རྒྱ་ནག་གི་ཆ་ཤས་རེད་ཅེས་པའི་པེ་ཅིང་གི་སྐྱག་རྫུན་དེ་ཡང་བཤད་བསྐྱར་ཟློས་བྱས་ཡོད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་དེ་ལྟར་མ་ཡིན་”ཞེས་བརྗོད་པའི་ཐོག ད་ནི་“དུས་ཚོད་ཡོལ་བའི་སྲིད་བྱུས་རྙིང་པ་དེ་རྩིས་མེད་གཏོང་བའི་”དུས་ལ་བབ་ཅེས་བསྒྲགས་འདུག
དེ་བཞིན་གྲོས་ཚོགས་འཐུས་མི་སི་ཀོ་ཊི-ཕེ་རི་(Scott Perry) ཡིས། ཨ་རི་ནི་ལས་དོན་སྣ་ཚོགས་ཐོག་ནས་སྤོབས་པ་དང་གཟི་བརྗིད་ངང་ནས་ཐའེ་ཝན་དང་ལྷན་དུ་མཉམ་འབྲེལ་བྱེད་མཁན་གྱི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཚུལ་བརྗོད་པའི་ཁར། ཨ་རི་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་“འཛམ་གླིང་གིས་ཤེས་པའི་བདེན་པ་སྟེ། འདས་པའི་ལོ་ངོ་༧༠ ལྷག་གི་རིང་ལ་ཐའེ་ཝན་རང་བཙན་རྒྱལ་ཁབ་ཅིག་ཡིན་”ཞེས་བཤད་པའི་ཐོབ་ཐང་ཡོད་ཅེས་བསྣན་འདུག
དེ་མིན་ད་དུང་མི་ཋོམ-ཋེ་ཧྥི་ནི་(Tom Tiffany) ཡིས་ཕྱི་ལོ་༡༩༧༩ ཡི་སྔོན་དུ་ཨ་རི་དང་ཐའེ་ཝན་གཉིས་ཀྱི་བར་དུ་མཛའ་བརྩེའི་གཞུང་འབྲེལ་གྱི་འབྲེལ་ལམ་བྱུང་ཡོད་རུང་། སྐབས་དེའི་སྲིད་འཛིན་ཇམ་མེ-ཁ་ཊར་(Jimmy Carter) གྱིས་“ཁྲིམས་ཐོག་གི་མོས་མཐུན་མེད་པར་”ཐའེ་ཝན་གྱི་འབྲེལ་ལམ་མཚམས་འཇོག་བྱས་ཏེ། པེ་ཅིང་གི་དམར་ཤོག་སྲིད་གཞུང་ངོས་འཛིན་བྱེད་པའི་ཐག་བཅད་པའི་གནས་ཚུལ་དེ་ཡང་གསལ་འདོན་གནང་འདུག
གྲོས་ཚོགས་འཐུས་མི་མི་སི་ཀོ་ཊི-ཕེ་རི་(Scott Perry) ཡིས་ལོ་སྔོན་མའི་ཕྱི་ཟླ་༡༢ ཚེས་༡༦ ཉིན་སྐབས་དེའི་སྲིད་འཛིན་ཊོམ་ལ་ཞུ་ཡིག་ཅིག་ཕུལ་བའི་ནང་། རྒྱ་ནག་གིས་ཕྱི་ལོ་༡༩༥༡ ལོར་ཁྲིམས་འགལ་ཐོག་ནས་བོད་ལ་བཙན་འཛུལ་མ་བྱས་བར་དུ་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཨ་རིའི་ངོས་ནས་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་བའི་ཞུ་སྐུལ་གནང་ཡོད།
ཞུ་སྐུལ་གྱི་ཡི་གེ་དེའི་ནང་། ཁོང་གིས་“བོད་ཆོལ་ཁ་གསུམ་(དབུས་གཙང་དང་། ཨ་མདོ། ཁམས)དུ་འཚོ་བའི་བོད་མི་རྣམས་ལོ་ངོ་བརྒྱ་ཕྲག་མང་པོར་རང་བཙན་ནམ་ཚད་མཐོ་བའི་རང་སྲིད་རང་སྐྱོང་འོག་འཚོ་གནས་བྱས་ཡོད་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་༡༩༥༡ ལོར་ཁྲིམས་འགལ་ཐོག་ནས་བོད་ལ་བཙན་འཛུལ་མ་བྱས་བར་དུ་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད་”ཅེས་བརྗོད་པ་མ་ཟད། དུས་སྐབས་དེ་ནས་བཟུང་ཨ་རིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་མང་པོ་ཞིག་ཏུ་བོད་ཀྱི་གནས་བབ་(Tibet’s status) དེ་བཙན་འཛུལ་འོག་ཏུ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་བསྟན་ཡོད་ཅེས་བཤད་དེ་དཔེ་མཚོན་ལྔ་ཙམ་དྲངས་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།