ཨ་རིའི་གྲོས་ཚོགས་འཐུས་མི་སི་ཁོ་ཊི-ཕེ་རིས་བསྐྱར་དུ་“བོད་རང་བཙན་”གྱི་ཁྲིམས་འཆར་བཏོན་འདུག
ཨ་རིའི་གྲོས་ཚོགས་འཐུས་མི་སི་ཁོ་ཊི-ཕེ་རི་(Scott Perry) ཡིས་བསྐྱར་དུ་བཏོན་པའི་“བོད་རང་བཙན་ངོས་འཛིན་”གྱི་ཁྲིམས་འཆར་ནང་། “མདོ་དབུས་ཁམས་འདུས་པའི་བོད་[རྒྱ་ནག་ལས་]ཐ་དད་དང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་པ་དེས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་ཐོགས་ཡོང་ངེས་”ཞེས་འཁོད་འདུག
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཀོཌ་པེ་རི་(Scott Perry) ཡིས། རྒྱ་ནག་དམར་ཤོག་ཚོགས་པ་ལོ་བརྒྱ་འཁོར་བའི་དུས་ཚོད་དང་བསྟུན་ནས་ཨ་རིས་བོད་རྒྱ་ནག་ལས་ཐ་དད་པའི་“རང་བཙན་གྱི་རྒྱལ་ཁབ་”ཅིག་ཏུ་ངོས་འཛིན་བྱེད་དགོས་པའི་ཁྲིམས་འཆར་བསྐྱར་དུ་བཏོན་འདུག
ཕྱི་ཟླ་ ༧ ཨ་རིའི་ཚེས་ ༡ ཉིན་སྐུ་ཞབས་ཁོང་གིས་ཋོ་ཋར་དྲ་བའི་ཐོག་ཏུ་ཁྲིམས་འཆར་དེ་དང་འབྲེལ་བའི་གསུང་དུམ་ཞིག་བཀོད་པའི་ནང་། ཁོང་གིས་“ལག་དམར་རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་ཁྲིམས་འགལ་གྱི་བཙན་འཛུལ་བྱས་ནས་ལོ་ངོ་ ༧༠ ལྷག་ཕྱིན་པའི་རྗེས་སུ། ཨ་རིའི་ངོས་ནས་བྱ་སྤྱོད་ཅིག་སྤེལ་བའི་དུས་ལ་བབ་ཡོད། དེ་བས་ངས་དེ་རིང་སྲིད་འཛིན་བྷ་ཌན་ལ་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་སྒྲོག་དགོས་པའི་གྲོས་འཆར་ཞིག་བཏོན་པ་དེར་དགའ་སྤོབས་སྐྱེས་ཡོད་”ཅེས་བྲིས་འདུག
སི་ཁོ་ཊི-ཕེ་རི་(Scott Perry) ཡིས་ལོ་སྔོན་མའི་ཕྱི་ཟླ་ ༥ པའི་ནང་དུ་“བོད་རང་སྐྱོང་ལྗོངས་”རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་དགོས་པའི་ཁྲིམས་འཆར་ཞིག་བཏོན་པའི་རྗེས། བོད་དོན་འཐབ་རྩོད་པ་ཁ་ཅིག་གིས་ཁོང་ལ་འབྲེལ་གཏུག་ཞུས་ནས་བོད་ནི་“བོད་རང་སྐྱོང་ལྗོངས་”ཙམ་མ་ཡིན་པར་ཆོལ་ཁ་གསུམ་འདུས་པའི་རྒྱལ་ཁབ་ཅིག་ཡིན་པ་འགྲེལ་བརྗོད་ཞུས་ཡོད།
དེ་བས་ཁོང་གིས་ ༢༠༢༠ ཟླ་ ༡༢ ཚེས་ ༡༦ ཉིན་སྐབས་དེའི་ཨ་རིའི་སྲིད་འཛིན་ཊོམ་ལ་བོད་རང་བཙན་ངོས་འཛིན་དགོས་པའི་ཞུ་ཡིག་ཅིག་ཕུལ་བའི་ནང་། ཁོང་གིས་“བོད་ཆོལ་ཁ་གསུམ་(དབུས་གཙང་དང་། ཨ་མདོ། ཁམས)དུ་འཚོ་བའི་བོད་མི་རྣམས་ལོ་ངོ་བརྒྱ་ཕྲག་མང་པོར་རང་བཙན་ནམ་ཚད་མཐོ་བའི་རང་སྲིད་རང་སྐྱོང་འོག་འཚོ་གནས་བྱས་ཡོད་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༥༡ ལོར་ཁྲིམས་འགལ་ཐོག་ནས་བོད་ལ་བཙན་འཛུལ་མ་བྱས་བར་དུ་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད་”ཅེས་གསུངས་ཡོད།
འདི་གའི་གསར་ཁང་དུ་བཏང་འབྱོར་བྱུང་བུའི་ཁྲིམས་འཆར་དེའི་མ་གཞིའི་འདྲ་བཤུས་ནང་དུ། “ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་འགལ་ཐོག་ནས་བོད་ལ་བཙན་འཛུལ་མ་བྱས་གོང་དུ་བོད་རང་བཙན་ཡིན་པའི་ངོས་འཛིན་”བྱེད་དགོས་པ་དང་། “ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཞེས་པའི་བོད་ཀྱི་མང་གཙོའི་སྲིད་གཞུང་དེ་བོད་ཀྱི་དབང་འཛིན་གྱི་སྲིད་གཞུང་ཁོ་ནར་”ངོས་འཛིན་དགོས་པ། “མདོ་དབུས་ཁམས་འདུས་པའི་བོད་[རྒྱ་ནག་ལས་]ཐ་དད་དང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་པ་དེས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་ཐོགས་”ཡོང་བ། “ཁྲིམས་འཆར་དེ་གཏན་ལ་ཕབ་པའི་རྗེས་ཀྱི་ལོ་གཅིག་གི་ནང་ཚུན་དུ་ཨ་རིའི་སྲིད་འཛིན་གྱིས་གཞུང་འབྲེལ་ཐོག་ནས་བོད་ཀྱི་ལས་ཐོག་སྲིད་སྐྱོང་ཨ་རིར་གདན་འདྲེན་ཞུ་དགོས་”པ་ལ་སོགས་པའི་དོན་ཚན་གལ་ཆེན་འགའ་འཁོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།