ཨ་རིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་ཏེ་ལི་ཐི་ནི་ཡ་ལ་“གདུང་སེམས་མཉམ་སྐྱེད་”བྱས་འདུག

ཡུ་རོབ་ཀྱི་རྒྱལ་ཁབ་ཆུང་ཆུང་ལི་ཐི་ནི་ཡ(Lithuania) དང་རྒྱ་ནག་གཉིས་ཀྱི་བར་དུ་ཐའེ་ཝན་གྱི་གནད་དོན་ཐོག་ནས་རྩོད་རྙོག་དྲག་པོ་བྱུང་ནས་རྒྱ་ནག་གིས་གཞུང་ཚབ་ཕྱིར་འཐེན་བྱས་རྗེས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ལི་ཐི་ནི་ཡ་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་འདུག 

བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་རྒྱ་ནག་གིས། ལི་ཐི་ནི་ཡས་སོ་སོའི་རྒྱལ་ཁབ་ཏུ་ཐའེ་ཝན་གྱི་གཞུང་ཚབ་ཁང་གསར་འཛུགས་བྱེད་དུ་འཇུག་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད། རྒྱ་ནག་གི་གཞུང་ཚབ་ལི་ཐི་ནི་ཡ་ནས་ཕྱིར་འཐེན་དང་། ལི་ཐི་ནི་ཡའི་གཞུང་ཚབ་པེ་ཅིང་ནས་ཕར་འགྲོ་དགོས་ཚུལ་བསྒྲགས་ཡོད།

གནད་དོན་དེ་དང་འབྲེལ་བའི་ཐད་ལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ནཱ་ཌི-ཕི་ར་སི་(Ned Price) ཡིས་“ང་ཚོས་མཐུན་གྲོགས་རྒྱལ་ཁབ་ལི་ཐི་ནི་ཡ་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་གི་སོ་སོའི་གཞུང་ཚབ་ཕྱིར་འཐེན་དང་། ལི་ཐི་ནི་ཡའི་གཞུང་ཚབ་ཕར་འགྲོ་བའི་དགོས་འདུན་བཏོན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཚོས་རྒྱ་ནག་གི་བྱ་སྤྱོད་ལ་གདོང་ལེན་གྱིས་ཐའེ་ཝན་དང་གཉིས་ཕན་གྱི་འབྲེལ་ལམ་འཛུགས་བཞིན་པར་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་”ཅེས་བརྗོད་པའི་ཐོག ཨ་རིིའི་ངོས་ནས་འཛམ་གླིང་གི་རྒྱལ་ཁབ་ཚང་མ་ལ་ཐའེ་ཝན་དང་འབྲེལ་ལམ་གང་ཞིག་འཛུགས་མིན་གྱི་དབང་ཚད་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བསྣན་འདུག 

ཟླ་སྔོན་མར་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཇོ་སི་ཧྤི་ཝུ་(Joseph Wu) ཡིས་ཡུ་རོབ་ཀྱི་རྒྱལ་ཁབ་ལི་ཐི་ནི་ཡའི་རྒྱལ་ས་ཝིལ་ནཱ་སི་(Vilnius) རུ་ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞིག་གསར་འཛུགས་བྱེད་རྒྱུ་ཡིན་སྐོར་དང་། ལས་ཁུངས་གསར་པ་དེའི་མིང་ལ་“ཐའེ་ཝན་”གཞུང་ཚབ་ཁང་ཞེས་འདོགས་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཅིང་། དེ་ནི་ཡུ་རོབ་གླིང་ཆེན་དུ་ཐའེ་ཝན་རང་གི་མིང་ཐོག་ནས་གཞུང་ཚབ་ཁང་ཞིག་གསར་འཛུགས་བྱས་པ་ཆེས་ཐོག་མ་དེ་ཆགས་རྒྱུ་རེད་འདུག

རྒྱ་ནག་ལ་དོ་སྣང་དང་ཉམས་ཞིབ་བྱེད་མཁན་འགས་བརྗོད་པ་ལྟར་ན། ལི་ཐི་ནི་ཡས་ཐའེ་ཝན་གྱི་གཞུང་ཚབ་ཁང་འཛུགས་སུ་བཅུག་པ་དེས་འཛམ་གླིང་ནང་དུ་ཐའེ་ཝན་ལ་ངོས་འཛིན་བྱེད་པའི་ལམ་སྲོལ་གསར་པ་ཞིག་གཏོད་སྲིད་པས། རྒྱ་ནག་གིས་གནད་དོན་དེར་སེམས་ཁྲལ་དང་འཇིགས་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།