ཨ་རིས་རྒྱལ་ཁབ་༧༥ ཡི་མི་སེར་ལ་གཞིས་སྤོས་མཐོང་མཆན་མཚམས་འཇོག་བྱས།
ཕྱི་ལོ་༢༠༢༦ ཟླ་༡ ཚེས་༡༥ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༡ ཚེས་༡༤ རེས་གཟའ་ལྷག་པའི་ཉིན། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨི་རན་དང་ར་ཤི་ཡ། བལ་ཡུལ་དང་སོ་མ་ལི་ཡ་སོགས་རྒྱལ་ཁབ་༧༥ ཡི་མི་སེར་རྣམས་ལ་གཞིས་སྤོས་མཐོང་མཆན་(Immigrant Visas)སྤྲོད་རྒྱུ་མཚམས་འཇོག་བྱེད་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག ཊོམ་སྲིད་གཞུང་གིས་རྒྱལ་ཁབ་དེ་དག་གི་ཡུལ་མི་རྣམས་ཨ་རིར་གནས་སྡོད་བྱེད་པའི་རིང་། མང་ཚོགས་ཀྱི་རོགས་སྐྱོར་རམ་གཞུང་གི་སྐྱོབ་གསོ་སོགས་ལ་བརྟེན་དགོས་མཁན་ལ་ངོས་འཛིན་བྱས་པར་བརྟེན། གཞིས་སྤོས་ཐོངས་མཆན་མཚམས་འཇོག་བྱེད་རྒྱུ་ཡིན་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཐོངས་མཆན་ལས་དོན་གཉེར་མཁན་རྣམས་ལ། འབྲེལ་ཡོད་རྒྱལ་ཁབ་ཁག་གི་མི་སེར་ལ་གཞིས་སྤོས་ཐོངས་མཆན་སྤྲོད་རྒྱུ་མཚམས་འཇོག་བྱེད་དགོས་པའི་བཀོད་ཁྱབ་བཏང་ཟིན་པ་དང་། གནད་དོན་དེ་ནི་ན་ནིང་ཕྱི་ཟླ་༡༡ པའི་ནང་བཏོན་པའི་བཀའ་རྒྱ་སྟེ། ཨ་རིའི་ནང་སླེབས་རྗེས་རང་ཉིད་ལ་འཚོ་བ་སྐྱེལ་བའི་དཔལ་འབྱོར་མེད་པ་དང་ཨ་རིའི་གཞུང་གི་རོགས་དངུལ་དང་རིན་མེད་སྨན་བཅོས་སོགས་ལ་བརྟེན་ནས་སྡོད་མཁན་སོགས་མང་ཚོགས་ཀྱི་ཁུར་པོར་འགྱུར་སྲིད་པའི་ཕྱི་མི་རྣམས་ཀྱི་ཐོག་ལ་སྒྲིག་གཞི་དམ་དུ་བཏང་བའི་གྲས་ཤིག་ཡིན་འདུག
གནད་དོན་དེ་ནི་སྲིད་འཛིན་ཊོམ་གྱིས་ཕྱི་རྒྱལ་མི་རིགས་ཨ་རིར་ཡོང་བའི་ཚད་གཞི་དམ་དུ་གཏོང་བའི་འབད་བརྩོན་གྱི་ཆ་ཤས་ཤིག་ཡིན་པ་དང་། དེ་སྔོན་རྒྱལ་ཁབ་༤༠ ཙམ་ལ་བཀག་སྡོམ་བྱས་ཡོད་པའི་ཐོག ད་ཐེངས་༣༠ ལྷག་ཁ་སྣོན་བྱས་ཡོད་འདུག
བཀག་སྡོམ་འདི་ཟླ་བ་༡ ཚེས་༢༡ ནས་འགོ་འཛུགས་རྒྱུ་ཡིན་ཡང་། གཞིས་སྤོས་མིན་པའི་མཐོང་མཆན་ (Non-immigrant Visas)སྟེ། གནས་སྐབས་ཀྱི་ཡུལ་སྐོར་སྤྲོ་འཆམ་དང་ཚོང་དོན་ཐོངས་མཆན་ལྟ་བུ་སྙན་ཞུ་འབུལ་མཁན་ཚོར་ཕོག་ཐུག་མེད་པ་བརྗོད་འདུག།
ཕྱི་ལོ་༢༠༢༦ ལོའི་འཛམ་གླིང་བུམ་པའི་རྐང་སྤོལ་འགྲན་ཚོགས་དེ་ཨ་རིར་འཚོག་རྒྱུ་དང་། ཕྱི་ལོ་༢༠༢༨ ལོའི་ཨོ་རྩལ་འགྲན་ཚོགས་དེ་ཡང་ཨ་རིར་གཉེར་རྒྱུ་ཡིན་པས། ཨ་རིར་གནས་སྐབས་ཀྱི་ཐོངས་མཆན་ཞུ་མཁན་ཧ་ཅང་མང་པོ་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག
ཨ་རི་གཞུང་གིས་གཞུང་ཚབ་ཁང་ཁག་ལ་བཏང་བའི་བརྡ་ཐོ་གཞན་ཞིག་གི་ནང་། གནས་སྐབས་ཐོངས་མཆན་ཞུ་མཁན་ཚོས་ཀྱང་ཨ་རིའི་ནང་མང་ཚོགས་ཀྱི་རོགས་སྐྱོར་ཞུ་སྲིད་མིན་ཐོག་བརྟག་དཔྱད་ནན་པོ་བྱེད་དགོས་པའི་ལམ་སྟོན་བྱས་ཡོད་འདུག གཞན་ཡང་ཐོངས་མཆན་ཞུ་མཁན་ཚོས་རང་ཉིད་ཨ་རིར་སླེབས་རྗེས། གཞུང་གི་རོགས་སྐྱོར་ལ་བརྟེན་མི་དགོས་པའི་ཁུངས་སྐྱེལ་དག་སྐྱེལ་བྱེད་དགོས་པ་མ་ཟད། ལམ་སྟོན་གསར་པའི་ནང་། ལས་བྱེད་ཚོས་ཐོངས་མཆན་ཞུ་མཁན་ཚོའི་ལོ་ཚད་དང་། འཕྲོད་བསྟེན། ནང་མིའི་གནས་སྟངས། དཔལ་འབྱོར། ཤེས་ཡོན་དང་ལག་རྩལ། དེ་བཞིན་དེ་སྔར་མང་ཚོགས་ཀྱི་རོགས་སྐྱོར་བེད་སྤྱོད་བྱས་མྱོང་ཡོད་མེད་བཅས་ལ་བལྟ་དགོས་པ་དང་། དབྱིན་སྐད་ཀྱི་ཤེས་ཚད་ལ་ཡང་བརྟག་དཔྱད་བྱེད་དགོས་པ་བརྗོད་འདུག
སྤྱིར་ཨ་རིའི་སྲིད་འཛིན་ཊོམ་གྱིས་འདས་པའི་ལོ་ཤས་ནང་། ཨ་རི་བ་རྣམས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་མང་ཚོགས་ཀྱི་ཐོན་ཁུངས་ལ་གནོན་ཤུགས་མི་ཡོང་བ། དཔལ་འབྱོར་གྱི་དཀའ་ངལ་སོགས་སེལ་ཆེད། མི་སྟོང་ཕྲག་མང་པོ་ཕྱིར་འབུད་བཏང་ཡོད་འདུག དཔེར་ན། ཕྱི་ལོ་༢༠༢༥ ཟླ་༡༢ པའི་མཚམས་སུ། ཨ་རིའི་རྒྱལ་ནང་བདེ་འཇགས་ལྷན་ཁང་(Trump’s Department of homeland Security)གིས་མི་གྲངས་༦༠༥།༠༠༠ ལྷག་ཕྱིར་འབུད་བྱས་ཟིན་པ་དང་། མི་གྲངས་ས་ཡ་༡།༩ ཙམ་རང་འགུལ་གྱིས་ཕྱིར་ལོག་བྱས་ཡོད་པ་བརྗོད་འདུག དེའི་འགྲུབ་འབྲས་སུ། ཕྱི་ལོ་༢༠༢༥ ལོར་ཨ་རིའི་ནང་འཛུལ་མཁན་ལས་ཕྱིར་འཐེན་བྱེད་མཁན་མང་བ་ཆགས་ཡོད་པ་ནི། འདས་པའི་ལོ་ངོ་༥༠ ནང་བྱུང་མ་མྱོང་བའི་གནས་ཚུལ་ཞིག་ཏུ་གྱུར་ཡོད་འདུག གཞན་ཡང་། ཕྱི་ལོ་༢༠༢༦ ལོའི་རྩིས་ལོའི་ནང་། སྐྱབས་བཅོལ་བ་ལེན་རྒྱུའི་ཚད་གཞི་དེ་༧༥༠༠ བར་བབས་ཡོད་པ་ནི་ཨ་རིའི་ལོ་རྒྱུས་ནང་གི་ཚད་དམའ་ཤོས་སུ་གྱུར་ཡོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།
