ཨི་རན་དང་པ་ཀི་སི་ཐན་བར་གྱི་རྩོད་རྙོག་དང་རྒྱ་ཁབ་གཞན་གྱིས་གོ་སྐབས་འཚོལ་སྟངས།

ཟླ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་རན་དང་པ་ཀི་སི་ཐན་བར་མེ་ཤུགས་འཕུར་མདའ་འཕེན་རེས་ཀྱིས་རྩོད་རྙོག་གསར་པ་ཞིག་འགོ་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག

(པར། HindustanTimes)

ཟླ་འདིའི་ཚེས་༡༦ ་ཉིན་ཨི་རན་གྱིས་པ་ཀི་སི་ཐན་གྱི་ནུབ་རྒྱུད་བྷེ་ལོ་ཆི་སི་ཐན་(Balochistan) ་ཞེས་པའི་ཞིང་ཆེན་ལ་འཕུར་མདའ་དང་མི་མེད་གནམ་གྲུས་འཇབ་རྒོལ་བྱས་ཡོད་པ་དང་། པ་ཀི་སིིི་ཐན་གྱིས་བརྗོད་གསལ་ལྟར་ན། སྐབས་དེར་བྱིས་པ་གཉིས་བསད་ཡོད་པ་དང་མི་གསུམ་ལ་རྨས་སྐྱོན་བཏང་ཡོད་འདུག

ཨི་རན་གྱི་ཕྱི་སྲིད་བློན་ཆེན་གྱིས་འཇབ་རྒོལ་དེ་ནི་པ་ཀི་སིི་ཐན་གྱི་མི་སེར་ཚོ་ལ་དམིགས་པ་ཞིག་མ་ཡིན་པ། པ་ཀི་སི་ཐན་གྱི་མངའ་ཁོངས་སུ་ཡོད་པའི་ཨི་རན་གྱི་འཇིགས་སྐུལ་རིང་ལུགས་པའི་ཚོགས་མི་ཚོ་ལ་དམིགས་ནས་འཇབ་རྒོལ་བྱས་པ་ཡིན་ཞེས་བརྗོད་འདུག པ་ཀི་སི་ཐན་གྱི་ནང་དུ་དྲང་བདེན་གྱི་དམག་དཔུང་(Jaish al-Adl) ཞེས་པའི་དམག་དོན་ཚོགས་པ་ཞིག་ཡོད་ཅིང་། ཚོགས་པ་དེ་ཨི་རན་ཤར་རྒྱུད་ཀྱི་(Sistan) ཞེས་པའི་ས་ཆ་དང་པ་ཀི་སི་ཐན་གྱི་ལྷོ་ནུབ་ཀྱི་(Baluchistan) ་ཞིང་ཆེན་གཉིས་ཀྱི་རང་བཙན་རྩོད་ལེན་བྱེད་མཁན་ཞིག་ཆགས་ཡོད་པར་བརྟེན། རྒྱལ་ཁབ་གཉིས་ཀས་ཚོགས་པ་དེར་དམིགས་འབེན་བྱེད་ཀྱི་ཡོད་འདུག

ཚོགས་པ་དེས་འདས་པའི་ལོ་རྒྱུས་ཁྲོད་ཨི་རན་དང་པ་ཀི་སི་ཐན་གཉིས་ཀྱི་ནང་གཏོར་རྒོལ་ཐེངས་མང་བྱས་ཡོད་པས་ཨི་རན་གཞུང་གིས་ཚོགས་པ་དེ་ནི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་འདུག

ཨི་རན་གྱིས་པ་ཀི་སི་ཐན་ས་ཐོག་ཏུ་འཇབ་རྒོལ་བྱས་རྗེས། པ་ཀི་སི་ཐན་གྱིས་ཨི་རན་དུ་ཡོད་པའི་གཞུང་ཚབ་ཁང་ཕྱིར་བོས་པ་དང་། པ་ཀི་སི་ཐན་དུ་ཡོད་པའི་ཨི་རན་གྱི་སྐུ་ཚབ་མི་སྣ་རྣམས་ཕྱིར་སློག་མ་བྱས་པར་བཀག་འགོག་བྱས་ཡོད་པ་མ་ཟད། ཟླ་འདིའི་ཚེས་༡༨ ཉིན་ཏེ་ཨི་རན་གྱིས་འཇབ་རྒོལ་བྱས་ནས་ཆུ་ཚོད་༤༨ རྗེས། པ་ཀི་སི་ཐན་གྱིས་ཌོ་རོན་དང་མེ་ཤུགས་འཕུར་མདའ་བཏང་ནས་ཨི་རན་གྱི་འཇིགས་སྐུལ་བའི་གབ་སར་རྡུང་རྡེག་བཏང་ནས་མི་གྲངས་དགུ་བསད་ཡོད་འདུག ཨི་རན་གཞུང་གིས་བརྗོད་གསལ་ལྟར་ན། ཚེ་སྲོག་ཤོར་མཁན་ཚང་མ་རྒྱལ་ཁབ་གཞན་གྱི་མི་སེར་ཆགས་ཡོད་འདུག

ཨ་རི་དང་ཨི་སེ་རེལ་གཉིས་ནི་ཨི་རན་གྱི་དགྲ་བོ་ཡིན་ཡང་། ད་བར་ཨི་རན་གྱི་ས་ཐོག་ཏུ་གཏོར་རྒོལ་བྱས་མྱོང་མེད་ཀྱང་། ཟླ་འདིའི་ཚེས་༡༨ ཉིན་པ་ཀི་སི་ཐན་གྱིས་ཨི་རན་གྱི་ས་ཐོག་ཏུ་གཏོར་རྒོལ་བྱས་ཡོད་འདུག།ལྷག་པར་དུ་ཨི་རན་གྱིས་ཐོག་མར་པ་ཀི་སི་ཐན་ལ་འཇབ་རྒོལ་བྱེད་དགོས་པའི་རྒྱབ་ལྗོངས་གསལ་བོ་མེད་པས་ཕྱོགས་གཉིས་ཀྱི་གནས་སྟངས་ལ་སེམས་འཚབ་བྱེད་དགོས་པའི་གནས་སུ་གྱུར།

ཨི་རན་དང་པ་ཀི་སི་ཐན་གཉིས་ནི་རྒྱ་ནག་དང་འབྲེལ་ལམ་བཟང་བའི་ཁྱིིམ་མཚེས་རྒྱལ་ཁབ་གཉིས་ཡིན་འདུག རྒྱ་ནག་གཞུང་གིས་གལ་ཏེ་དགོས་པ་ཡོད་ཚེ། ཕྱོགས་གཉིས་བར་གྱི་གནས་སྟངས་ཞི་ལྷོད་དུ་གཏོང་ཆེད་ནུས་པ་འདོན་འདོད་ཡོད་ཅེས་བརྗོད་ཡོད་པ་མ་ཟད། གསར་འགོད་པས་པ་ཀི་སི་ཐན་གྱིས་ཨི་རན་གྱི་ས་ཐོག་ལ་གཏོར་རྒོལ་བྱས་ཡོད་པའི་ཐོག་ལ་དྲི་བ་འདྲི་དུས། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གནས་ཚུལ་དེ་ཤེས་རྟོགས་བྱུང་མ་སོང་ཞེས་ལན་བརྒྱབ་ཡོད་འདུག

ཕྱི་ལོ་༡༩༧༩ ལོར་དབྱི་སི་ལན་གསར་བརྗེ་བྱས་པ་ནས་བཟུང་། ཨ་རི་ནི་ཐོག་མཐའ་བར་གསུམ་དུ་ཨི་རན་གྱི་དགྲ་ཟླ་ཡིན་པ་དང་། ཨི་རན་གྱིས་པ་ཀི་སི་ཐན་གྱི་ས་ཆའི་ཐོག་འཇབ་རྒོལ་བྱས་པར་ཨ་རིས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཉེ་ཆར་ཨི་རན་གྱིས་ཨི་རག་དང་སི་རི་ཡ་གཉིས་ལ་གཏོར་རྒོལ་བྱས་པར་སྐྱོན་བརྗོད་བྱས་ཡོད་འདུག

ཨུ་རུ་སུས་ཨ་རི་ལ་རྒྱབ་འགལ་བྱེད་མཁན་ཚོ་ནས་རྒྱབ་སྐྱོར་ཐོབ་ཐབས་དང་ཨ་རི་ཁེར་རྐྱང་དུ་འབུད་ཐབས། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཉེས་ཆད་ལས་ཐར་ཐབས་བྱེད་བཞིན་ཡོད་པས། ཨུ་རུ་སུས་ཕྱོགས་གཉིས་བར་གྱི་རྩོད་རྙོག་བཀག་འགོག་བྱེད་དགོས་པ་དང་། མི་མཐུན་པའི་ཆ་རྣམས་ཕྱི་འབྲེལ་ཐབས་ཇུས་ཀྱིས་སེལ་དགོས་ཞེས་དང་། ཕྱོགས་གཉིས་བར་འགལ་ཟླ་ཇེ་ཆེར་ཕྱིན་ན་ས་ཁུལ་དེར་ཞི་བདེ་དང་བརྟན་ལྷིང་མི་འདོད་པའི་རྒྱལ་ཁབ་ཁག་གི་འདོད་དོན་གྲུབ་པ་རེད་ཅེས་བརྗོད་འདུག

རྒྱ་གར་གྱིས་གནས་དོན་དེ་ནི་ཨི་རན་དང་པ་ཀི་སི་ཐན་དབར་གྱི་དོན་དག་ཅིག་ཡིན་རུང་། རྒྱ་གར་གྱིས་འཇིགས་སྐུལ་རིང་ལུགས་ལ་འོས་མེད་འགྲིག་ཐབས་གཏན་ནས་མི་བྱེད་པའི་ལངས་ཕྱོགས་བཟུང་ཡོད་ཅེས་བརྗོད་འདུག

ཨི་སེ་རེལ་དང་ཧ་མ་སིའི་བར་དམག་འཁྲུག་གིས་ས་ཁུལ་དེ་དག་ལ་བརྟན་ལྷིང་མེད་པ་བཟོས་ཡོད་པའི་ཐོག་ཏུ། ད་ལྟའི་ཆར་ཨི་རན་དང་པ་ཀི་སི་ཐན་བར་རྒོལ་རྡུང་གཏོང་རེས་ཀྱི་དཀའ་རྙོག་གསར་པ་ཞིག་འགོ་བཙུགས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།