ཨི་རན་དང་ཨུ་རུ་སུར་ཨ་རིའི་འོས་འཕེན་པའི་གནས་ཚུལ་ལག་སོོན་བྱུང་ཡོད་འདུག
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན། ཨི་རན་དང་ཨུ་རུ་སུར་ཨ་རིའི་འོས་འཕེན་པའི་གནས་ཚུལ་ལག་སོན་བྱུང་ནས། ཨི་རན་གྱིས་འོས་འཕེན་པར་སྡིགས་བསྐུལ་གྱི་གློག་འཕྲིན་དང་གནས་ཚུལ་རྫུན་མ་བཏང་ཡོད་སྐོར་བརྗོད་འདུག
ཟླ་༡༠ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གྱིས་གློ་བུར་དུ་བྲེལ་བའི་ངང་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། ད་ལྟའི་ཆར་ཨ་རིའི་ནང་མང་གཙོ་ཚོགས་པའི་ཚོགས་མི་འོས་འཕེན་པ་མང་པོ་ཞིག་ལ། ཨ་རིའི་མི་རིགས་དཀར་པོ་རིང་ལུགས་མཁྲེགས་འཛིན་ཚོགས་པ་(Proud boys)ནས་ཡིན་མདོག་གིས། གལ་སྲིད་སྲིད་འཛིན་ཊོམ་ལ་འོས་ཤོག་མ་བླུགས་ཚེ་མཇུག་འབྲས་ཡག་པོ་ཡོང་རྒྱུ་མིན་པའི་སྡིགས་བསྐུལ་གྱི་གློག་འཕྲིན་དང་། དེ་བཞིན་གནས་ཚུལ་རྫུན་མ་མང་པོ་ཞིག་གློག་འཕྲིན་བརྒྱུད་བཏང་ཡོད་པ་དང་། དེ་དག་གཏོང་མཁན་ནི་ཨི་རན་ཡིན་སྐོར་བརྗོད་ནས། མི་མང་གིས་དེ་དག་ལ་ཡིད་ཆེས་དང་བརྒྱུད་སྐུར་བྱེད་མི་རུང་བའི་རེ་སྐུལ་བྱས་འདུག
དེ་ཡང་ཁོང་གིས་བརྗོད་དོན་ལྟར་ན། གློག་འཕྲིན་དེ་དག་ནི་ཨ་རིའི་ནང་བརྟན་ལྷིང་མེད་པ་དང་། འོས་འཕེན་པར་སྡིགས་བསྐུལ་བྱེད་པ། སྲིད་འཛིན་ཊོམ་ལ་གནོད་སྐྱོན་གཏོང་ཆེད་ཡིན་སྐོར་བརྗོད་འདུག
གསང་བའི་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན། ཨི་རན་དང་ཨུ་རུ་སུར་ཨ་རིའི་འོས་འཕེན་པའི་གནས་ཚུལ་ལག་སོན་བྱུང་ཡོད་པ་དང་། ཨི་རན་གྱིས་ལས་འགུལ་སྤེལ་བཞིན་ཡོད་ཀྱང་། ཨུ་རུ་སུས་ལས་འགུལ་ག་རེ་སྤེལ་འཆར་ཡོད་མེད་གསལ་པོ་ཆགས་མེད་སྐོར་བརྗོད་འདུག འོན་ཀྱང་ད་ལྟའི་ཆར་རྒྱལ་ཁབ་དེ་གཉིས་ལ་ཨ་རིའི་འོས་འཕེན་པའི་གནས་ཚུལ་གྲངས་ག་ཚོད་ཐོབ་ཡོད་མེད་དང་། གང་འདྲ་བྱས་ནས་ཐོབ་པ་སོགས་ཀྱི་སྐོར་གང་ཡང་བརྗོད་མེད་འདུག
འོས་བསྡུ་སླེབས་པར་ཉིན་གྲངས་༡༣ མ་གཏོགས་མེད་པའི་སྐབས་སུ་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་ནས། ཨི་རན་གྱིས་སྲིད་འཛིན་ཊོམ་ལ་གནོད་སྐྱོན་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་དེར། མང་གཙོ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་གིས། རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གྱི་སྐད་ཆ་ཉན་མི་རུང་བ་དང་། ཨ་རིའི་འོས་བསྡུར་ཐེ་བྱུས་དེ་དག་ནི་འོས་བསྡུའི་བརྒྱུད་རིམ་ལ་ཡིད་ཆེས་མེད་པ་བཟོ་ཆེད་ཡིན་པ་ལས། འོས་མི་གཅིག་ལ་དམིགས་མེད་པ་གསལ་པོ་ཡིན་སྐོར་བརྗོད་འདུག དེ་ཡང་མང་གཙོ་ཚོགས་པ་དང་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པའི་རུ་ཁག་གཅིག་གིས། ད་ཡོད་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གྱིས་གསང་བའི་གནས་ཚུལ་རྣམས་འདེམས་སྒྲུག་གིས་ཕྱིར་བསྒྲགས་བྱས་ཏེ། སྲིད་འཛིན་ཊོམ་གྱི་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་མྱོང་ཡོད་པ་རེད་འདུག
ཟླ་༩ པའི་ནང་ཨ་རིའི་འཕྲུལ་རིག་ཚོང་ལས་ཁང་ཆེ་གྲས་(Microsoft) ཡིས། ཨ་རིའི་སྲིད་འཛིན་འོས་བསྡུ་ལས་རིམ་འགྲོ་བཞིན་པའི་སྐབས་དེར། ཕྱིའི་རྒྱལ་ཁབ་ཁག་ཅིག་གི་རུ་ཁག་གིས། འོས་བསྡུར་དམིགས་འབེན་བཟུང་ནས་དྲ་ཐོག་འཇབ་རྒོལ་གྱི་ལས་འགུལ་ཤུགས་ཆེ་རུ་བཏང་ཡོད་པ་གསལ་པོར་ངོས་འཛིན་ཐུབ་ཡོད་སྐོར་བསྒྲགས་ཡོད་པ་དང་། ཟླ་༨ པའི་ནང་ཨ་རིའི་གསང་བའི་ལས་ཁུངས་ཚོས་ཀྱང་རྒྱ་ནག་དང་ཨུ་རུ་སུ། ཨི་རན་བཅས་ནས་ཨ་རིའི་འོས་བསྡུ་ནང་ཐེ་ཇུས་བྱེད་ཐབས་བྱེད་ཀྱི་ཡོད་སྐོར་བསྒྲགས་ཡོད་འདུག དེ་བཞིན་འཚོལ་ཞིབ་མ་ལག་དང་འཕྲུལ་རིག་ཚོང་ལས་ཁང་གྷུ་གྷལ་གྱིས་ཀྱང་ཟླ་༦ པའི་ནང་རྒྱ་ནག་དང་ཨི་རན་ནས་དྲ་ཐོག་འཇབ་རྒོལ་གྱི་ལས་དོན་སྤེལ་གྱི་ཡོད་པ་ར་འཕྲོད་བྱུང་སྐོར་བརྗོད་ཡོད་འདུག
ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ཕྱི་ལོ་༢༠༡༦ ལོར་ཨུ་རུ་སུ་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཐོག་ནས། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧཱེ་ལ་རཱི་འོས་བསྡུ་ཤོར་ཆེད་དུ་དྲ་ཐོག་འཇབ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་མོས་མཐུན་ཐག་གཅོད་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།