ཨུ་རུ་སུ་དང་རྒྱ་ནག་གཉིས་བར་གྱི་གལ་ཆེའི་ཡིག་ཆ་ཞིག་ཕྱིར་ཤོར་ཡོད་འདུག

ཤོག་གྲངས་༨༠༠ ཙམ་ཡོད་པའི་ཨུ་རུ་སུ་དང་རྒྱ་ནག་གཉིས་བར་གྱི་གྲོས་མཐུན་ཡིག་ཆ་ཞིག་ཕྱིར་ཤོར་ཡོད་འདུག་ཅིང་། ཡིག་ཆ་དེ་དག་ཏུ་ཨུ་རུ་སུའི་ངོས་ནས་རྒྱ་ནག་གི་དམག་མི་ལ་དམག་སྦྱོང་སྤྲོད་རྒྱུ་དང་གོ་མཚོན་རོགས་རམ་བྱས་ནས་ཐའེ་ཝན་ལ་བཙན་འཛུལ་བྱེད་རྒྱུ་ཡིན་སྐོར་འཁོད་འདུག
ཕྱི་ཚེས་༢༧ ཉིན་(yahoo!news)ཟེར་བ་དེ་དང་གཞན་རྒྱལ་སྤྱིའི་གསར་ཁང་ཆེ་གྲས་ཁག་ཅིག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཉེ་ཆར་ཤོག་གྲངས་༨༠༠ ཙམ་ཡོད་པའི་ཡིག་ཆ་གལ་ཆེན་པོ་ཞིག་ཕྱིར་ཤོར་ཡོད་འདུག་ཅིང་། དབྱིན་ཡུལ་ནང་ཡོད་པའི་བློ་གྲོས་ལྟེ་གནས་ཁང་(the Royal United Services Institute)ཞེས་པ་དེ་ཡིས་ཞིབ་འཇུག་བྱས་རྗེས་ཤེས་རྟོགས་བྱུང་དོན་ལྟར་ན། ཡིག་ཆ་དེ་དག་ནི་ཨུ་རུ་སུ་དང་རྒྱ་ནག་གཉིས་བར་དམག་དོན་ཐད་མཉམ་ལས་བྱས་ནས་ཐའེ་ཝན་ལ་བཙན་འཛུལ་བྱེད་རྒྱུའི་སྐོར་ཡིན་ཚུལ་བརྗོད་འདུག་ཅིང་། ཡིག་ཆ་དེའི་ནང་རྒྱ་ནག་གིས་ཨུ་རུ་སུ་ནས་དམག་གི་མོ་ཊ་དང་། གོ་མཚོན་སོགས་ཀྱི་དེང་རབས་ཀྱི་གོ་མཚོན་མང་པོ་ཞིག་ཉོ་འཆར་ཡོད་འདུག་པ་དང་། དེ་བཞིན་རྒྱ་ནག་གི་དམག་མི་རྣམས་ལ་དམག་སྦྱོང་སྤྲོད་རྒྱུ་སོགས་ཀྱི་གྲོས་མཐུན་བཞག་ཡོད་འདུག གཙོ་བོ་རྒྱལ་ཁབ་གཉིས་ཀྱི་དམག་དོན་ནུས་པ་གོང་མཐོར་གཏོང་ཕྱོགས་དང་། ཐའེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་སྐོར་ཡིན་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་བཅིངས་གྲོལ་དམག་མི་ཚོས་ཕྱི་ལོ་༢༠༢༧ ལ་དམིགས་ནས་དམག་སྦྱོང་བྱེད་དགོས་པ་དང་། གྲ་སྒྲིག་བྱེད་དགོས་པའི་སྐོར་བརྗོད་ཡོད་འདུག

པར། yahoo!news

དམག་སར་གོ་མཚོན་དབོར་འདྲེན་ཇི་ལྟར་བྱེད་དགོས་མིན་སྐོར་ཨུ་རུ་སུ་དང་རྒྱ་ནག་གཉིས་བར་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱས་ཡོད་པ་དང་། རྒྱ་ནག་གིས་ཐའེ་ཝན་བཙན་འཛུལ་སྐབས་གོ་མཚོན་དང་དམག་མི་རྣམས་གང་དུ་འབབ་དགོས་མིན་སོགས་ཀྱི་སྐོར་ཤེས་རྟོགས་བྱུང་ཡོད་ཚུལ་བརྗོད་ཡོད་འདུག ཉམས་ཞིབ་པ་(Jack Watling)ཡིས་ད་ཆར་རྒྱ་ནག་དང་ཨུ་རུ་སུ་གཉིས་བར་ཁ་བྲལ་ཐབས་མེད་པའི་དམག་དོན་གྱི་འབྲེལ་ལམ་ཞིག་བཙུགས་ཡོད་པ་དང་། དེ་བཞིན་ཨུ་རུ་སུའི་རླངས་རྫས་དང་སྣུམ། གོ་མཚོན་སོགས་མ་འོངས་པར་རྒྱ་ནག་ལ་ཧ་ཅང་གལ་ཆེན་པོ་ཆགས་རྒྱུ་ཡིན་པ་བརྗོད་འདུག
ཡིག་ཆ་དེ་དག་དྲ་བ་གཏོར་རྒོལ་བྱེད་མཁན་(Black Moon)ཟླ་བ་ནག་པོ་ཟེར་བའི་རུ་ཁག་དེ་ཡིན་འདུག་ཅིང་། ད་དུང་ཡིག་ཆ་དེ་ནང་ཕྱི་ལོ་༢༠༢༤ ཟླ་བ་༡༠ ནང་ཨུ་རུ་སུའི་ངོས་ནས་གནམ་གྲུ་དང་། མེ་སྒྱོགས་སོགས་གོ་མཚོན་ཕོན་ཆེན་པོ་ཞིག་རྒྱ་ནག་ལ་བཙོང་རྒྱུ་ཁས་ལེན་བྱས་ཡོད་པ་འཁོད་ཡོད་འདུག ཨ་སྒོར་ས་ཡ་༥༨༤ ཡིས་གོ་མཚོན་ཚོང་འབྲེལ་བྱེད་རྒྱུ་གྲོས་མཐུན་བཞག་ཡོད་པ་(The Washington Post)གསར་ཁང་གིས་བརྗོད་འདུག ད་དུང་ཡིག་ཆ་དེའི་ནང་ཨུ་རུ་སུ་དང་རྒྱ་ནག་གཉིས་བར་ཕྱི་ལོ་༢༠༢༤ ཟླ་༤ པའི་ནང་གྲོས་མོལ་ཐེངས་མང་བྱས་ཡོད་འདུག་པ་དང་། རྒྱ་ནག་གི་ངོས་ནས་ཨུ་རུ་སུའི་གོ་མཚོན་རིགས་འགའ་ཤས་གང་མགྱོགས་རྒྱ་ནག་ཏུ་དབོར་འདྲེན་བྱ་རྒྱུའི་རེ་སྐུལ་ཞུས་ཡོད་ཚུལ་བརྗོད་འདུག
ཐའེ་ཝན་བདེ་སྲུང་ལྷན་ཁང་གིས་ཨུ་རུ་སུ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་དེ་ཕྱིར་མངོན་པ་ལས་ཟབ་པ་འདུག་ཅེས་བརྗོད་ཡོད་འདུག་ལ། དེ་བཞིན་ཨུ་རུ་སུའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ལོ་སྔོན་མར་ཕན་ཚུན་རྒྱལ་ཁབ་གཉིས་ཀྱི་གཞི་རྒྱ་ཆེ་བའི་རྒྱལ་ཁབ་སོ་སོའི་དམག་སྦྱོང་སྐབས་ཕེབས་ཡོད་པ་དང་། ཕྱི་ལོ་༢༠༢༤ གཅིག་པུའི་ནང་ཨུ་རུ་སུ་དང་རྒྱ་ནག་གཉིས་བར་དམག་སྦྱོང་ཐེངས་༡༤ བྱས་ཡོད་པ་དང་། དེ་ནི་འདས་པའི་ལོ་༡༠ ནང་དམག་སྦྱོང་བྱས་པ་ལས་ཀྱང་ལྡབ་གཉིས་མང་དུ་ཕྱིན་ཡོད་ཅེས་བརྗོད་འདུག བདུན་ཕྲག་སྔོན་མར་རྒྱ་ནག་གི་དམག་དོན་སྐུ་ཚབ་ཨུ་རུ་སུ་དང་བྷེ་ལ་རུ་སི་གཉིས་བར་དམག་སྦྱོང་བྱེད་དུས། ས་མཁའ་མཐོངས་ནས་གོ་མཚོན་གང་འདྲ་དབོར་འདྲེན་བྱེད་དགོས་མིན་སྐོར་འགྲེམས་སྟོན་བྱེད་དུས། རྒྱ་ནག་གི་སྐུ་ཚབ་ངོས་ནས་ཐབས་བྱུས་དེ་རྒྱ་ནག་ངོས་ནས་ཐའེ་ཝན་ལ་བཙན་འཛུལ་བྱེད་དུས་བེད་སྤྱོད་བྱེད་འདོད་ཡོད་སྐོར་བརྗོད་ཡོད་པ་ཡིག་ཆ་དེའི་ནང་འཁོད་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།