ཨུ་རུ་སུའི་གཞུང་དམག་དང་སྒེར་དམག་བར་གྱི་འགལ་ཟླ་ལ་རྒྱ་ནག་གི་ལྟ་སྟངས།

ཉེ་ཆར་གཟའ་སྤེན་པའི་ཉིན་ཨུ་རུ་སུའི་ཝི་གན་སྒེར་དམག་དམག་ས་ནས་ཕྱིར་འཐེན་བྱས་ཏེ་ཕྱིར་ཨུ་རུ་སུའི་རྒྱལ་སར་ཡོང་ནས་གཞུང་ལ་གྱེན་ལོག་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་ཀྱང་། བྷེ་ལ་རུ་སིའི་སྲིད་འཛིན་གྱིས་བར་འདུམ་བྱས་པར་བརྟེན། ད་ཆར་ཝི་གན་དམག་དཔུང་དང་གཞུང་དམག་བར་ཞི་འཇམ་གནས་ཡོད་ཀྱང། སྔ་ཕྱི་མ་གཏོགས་འགལ་ཟླ་ཆེན་པོ་ཆགས་རྒྱུ་ཡིན་འདུག ཨུ་རུ་སུའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་འཕྲད་བཞིན་པའི་སྐབས་སུ་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་རྒྱ་ནག་ལ་ཡོང་འདུག
ཕྱི་ཚེས་༢༦ ཉིན་རྒྱ་གར་གྱི་Wion གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༥ ཉིན་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་ཨན་དེར་རོ་དེ་ཀོ་Andrey Rudenko ཡིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀང་Qin Gang དང་ཐུག་འཕྲད་བྱས་ནས་རྒྱལ་སྤྱིའི་གནད་དོན་སྐོར་གོ་བསྡུར་བྱས་ཡོད་ཚུལ་བརྗོད་འདུག་ལ། དེ་བཞིན་ཉེ་ཆར་ཨུ་རུ་སུའི་ནང་ཡོད་པའི་ཝེ་གན་སྒེར་དམག་དང་གཞུང་བར་འགལ་ཟླ་བྱུང་ནས། ཕྱི་ཚེས་༢༤ ཉིན་ཝི་གན་དམག་དཔུང་ཨུ་རུ་སུའི་རྒྱལ་སར་ཡོང་སྟེ་གཞུང་ལ་གྱེན་ལོག་རྒྱག་རྒྱུ་ཡིན་ཞེས་བརྗོད་པར་བརྟེན། ཨུ་རུ་སུ་གཞུང་དམག་གིས་གྲོང་ཁྱེར་མང་པོའི་ནང་དམག་དཔུང་སྒྲིག་འཇོག་བྱས་ནས་ཝི་གན་དམག་དཔུང་འགོག་ཐབས་གྲ་སྒྲིག་བྱས་ཡོད་ཀྱང་། ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལ་རུ་སིའི་སྲིད་འཛིན་གྱིས་བར་འདུམ་བྱས་པའི་རྐྱེན་གྱིས་ད་ཆར་དམག་དཔུང་གཉིས་ཀྱི་བར་ཞི་འཇམ་བྱུང་ཡོད་འདུག
འོན་ཀྱང། ཨུ་རུ་སུས་ཡུག་རེན་ནང་དམག་རྒྱག་འགོ་བཙུགས་པ་ནས་ཝི་གན་སྒེར་དམག་དང་གཞུང་དམག་བར་འགལ་ཟླ་ཇེ་ཆེར་འགྲོ་བཞིན་ཡོད་འདུག ཁ་སང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཉིས་ཀྱི་མཇལ་འཛོམས་སྐབས་རྒྱ་ནག་ཕྱོགས་ནས་ཨུ་རུ་སུའི་གཞུང་ལ་རྒྱབ་སྐྱོར་ཡོད་ཚུལ་བརྗོད་འདུག་ལ། དེ་བཞིན་ཨུ་རུ་སུའི་ནང་ཆིག་སྒྲིལ་དང་བདེ་འཇགས་ཡོང་ཐབས་ལ་འབད་དགོས་པར་བརྗོད་འདུག་ཀྱང་། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་རྒྱ་ནག་ལ་ག་དུས་ཡོང་ཡོད་མེད་ཁ་གསལ་མི་འདུག
ཡུག་རེན་གྱི་སྲིད་འཛིན་ཛ་ལན་སི་ཀིས་བརྗོད་དོན་ལ་ཝི་གན་དམག་དཔུང་གིས་ཨུ་རུ་སུའི་གཞུང་ནང་ཆབ་སྲིད་བརྟན་པོ་མེད་པ་རྟོགས་ནས་ཨུ་རུ་སུའི་རྒྱལ་ས་ལ་ཡོང་འདོད་ཡོད་པ་རེད་ཅེས་བརྗོད་འདུག་པ་དང་། དེ་བཞིན་རྒྱ་ནག་གི་དམག་དོན་མཁས་པ་Song Zhongpinting ཡིས་བརྗོད་དོན་ལ་ཝི་གན་དམག་དཔུང་གིས་གྱེན་ལོག་བྱས་ནས་འདོད་དོན་འགྲུབ་རྒྱུ་ཁག་པོ་རེད་ཅེས་བརྗོད་འདུག་ལ། དེ་བཞིན་རྒྱ་ནག་ཏུ་མི་མང་གིས་དྲྭ་ཐོག་ལ་ཨུ་རུ་སུའི་སྲིད་འཛིན་པུ་ཊི་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཁྱོད་ཀྱིས་དེ་ཐུབ་ཀྱི་རེད་ཅེས་བྲིས་ནས་ཨུ་རུ་སུའི་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག སྤྱིར་རྒྱ་ནག་གིས་དེ་སྔོན་ནས་ཨུ་རུ་སུའི་མངོན་འདོད་ལ་རྒྱབ་སྐྱོར་ཡོད་ཅེས་ཡོངས་གྲགས་ཐོག་ནས་བརྗོད་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ཕུན་ཚོགས།