ཨོ་གླིང་ཡེ་ཤེས་འཁོར་ལོའི་སངས་རྒྱས་སྐུ་འཁྲུངས་དུས་ཆེན་ལེགས་པར་གྲུབ་པ།

ཟླ་འདིའི་ཚེས་༡༠ ཉིན་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཡིག་ཚང་ནས་གནས་ཚུལ་མཁོ་སྤྲོད་གནང་དོན། ས་ག་ཟླ་བའི་ཚེས་བཅུ་གཉིས་ཀྱི་ཉིན་མོ་ཨོ་གླིང་སིད་ནིས་སུ་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་སྟོན་པའི་འཁྲུངས་སྐར་སྲུང་རྩི་ཞུས།
དེ་ཡང་ཐོག་མར་ཤིས་ན་ཝེར་མངའ་སྡེའི་ནང་པའི་ཚོགས་གཙོ་ཟུར་བ་དང་ད་ལྟའི་ལས་ཐོག་རྒྱུན་ལས་གྷེ་ཝི་སི་དང་། སིད་ནིས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྔ་བ་ཆོས་འཛིན་ལགས་དང་། སིད་ནིས་པོ་རི་དགོན་པའི་མཁན་པོ་པོ་རི་ལགས་བཅས་ནས་སྟོན་པའི་འཁྲུངས་སྐར་གྱི་གལ་ཆེའི་རང་བཞིན་དང་འབྲེལ་བའི་བཀའ་སློབ་གཏམ་བཤད་གནང་།

དེ་ནས་ཨོ་གླིང་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱི་འགན་འཛིན་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ལོ་རེ་བཞིན་སྟོན་པའི་འཁྲུངས་སྐར་སྲུང་རྩི་དགོས་པའི་དམིགས་ཡུལ་དང་དགོས་པ་བཅས་ཀྱི་ཐད་ལ་གསུང་བཤད་གནང་ཞིང་། ང་ཚོ་ཨོ་གླིང་གི་ས་ཆ་འདིར་ཡོད་མཁན་ཞིག་ཡིན་པའི་ངོས་ནས་དེ་བས་ཀྱང་། རིག་གཞུང་སྣ་མང་གི་འདུ་ཤེས་གཞི་ལ་བཞག་ནས་ལྷོ་བརྒྱུད་དང་རྒྱ་བརྒྱུད་བོད་བརྒྱུད་གང་ཡིན་ཡང་། སྟོན་པ་གཅིག་གིས་བསྐྱངས་པའི་རྗེས་འཇུག་ཡིན་པའི་ངེས་ཤེས་དང་བསམ་བློ་རྨང་གཞིར་བཞག་ནས་མཉམ་གཅིག་ཏུ་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་འཁྲུངས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་གསུམ་ཆར་དང་འབྲེལ་བའི་ས་ག་ཟླ་བའི་དུས་ཆེན་འདི་སྲུང་རྩི་དགོས་གལ་ཆེན་པོ་ཡིན་ཚུལ་རྒྱས་བཤད་གྲུབ་པ་དང་། དགེ་འདུན་པ་དང་མི་མང་བཅས་མཉམ་དུ་ཐུབ་ཆོག་བྱིན་རླབས་གཏེར་མཛོད་གསུངས། དེ་ནས་ཚང་མ་པང་བསྒྲིགས་ཀྱིས་སྟོན་པའི་སྐུ་ལ་ཁྲུས་གསོལ་དང་། ཁ་བཏགས་སྒྲོན་འབུལ། མེ་ཏོག་འབུལ་བ་བཅས་གྲུབ་མཚམས་དེར་ཆེད་ཕེབས་གནང་བའི་དགེ་འདུན་པ་དང་། ཕྲུ་གུ་དག་གིས་སྟོན་པའི་འཁྲུངས་སྐར་གྱི་སྦྲི་སྒོར་བཏུབ་ནས་མཉམ་རོལ་བྱས་ཤིང་། ཕྲུ་གུར་བརྔན་པ་འབུལ་བ་སོགས་ཀྱི་ལས་རིམ་གཉེར། ཁྱད་པར་དུ་ཕྲུ་གུ་དག་མཉམ་ཞུགས་མང་ཙམ་བྱ་ཐབས་ཀྱི་ལས་རིམ་རྩོམ་རྒྱུ་ནི་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱི་ངོས་ནས་སྟོན་པའི་འཁྲུངས་སྐར་རྗེས་དང་འབྲེལ་བའི་ལས་གཞི་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་ཡོད།

དེ་ནས་མུ་མཐུད་ཡེ་ཤེས་འཁོར་ལོའི་གླིང་བྲོ་ཚོགས་པ་དང་། སིད་ནིས་རིག་གནས་སྐྱེད་ཚལ་ཁང་གི་སློབ་ཕྲུག་ཚོགས་པ། དེ་བཞིན་ཤེས་རབ་སྙིང་པོའི་མཉམ་ལེན་བཅས་དང་། བཞས་དང་རོལ་མོའི་ཆེད་མཁས་ཀྱི་གྲགས་ཅན་མི་སྣ་དུ་མ་བཅས་ཀྱིས་སྒྱུ་རྩལ་གྱི་རྣམ་པ་འདྲ་མིན་གྱི་འཁྲབ་སྟོན་བཅས་ཡོངས་སུ་ཟིན་པ་དང་། གོ་སྒྲིག་ཚོགས་པའི་ངོས་ནས་ཉིན་དེའི་རང་འདུན་པ་ཡོངས་ལ་ཐུགས་རྗེ་ལུགས་འབུལ་ཞུས་རྗེས་མཇུག་ཡོངས་སུ་གྲོལ།
ས་གནས་ཀྱི་ནུབ་ཕྱོགས་མི་རིགས་དང་། ཁྱད་པར་དུ་བོད་པ། ཧི་མ་ལའི་ཤར་པ། རྒྱ་མི་རིགས་བཅས་ཉིས་བརྒྱར་ཉེ་བ་ཙམ་ཞིག་སྟོན་པའི་འཁྲུངས་སྐར་གྱི་ལས་འགུལ་འདིར་མཉམ་ཞུགས་གནང་ཡོད་ཅེས་འཁོད་འདུག