ཨོ་བྷ་མས་པུ་ཌིན་ལ་ཡུག་རེན་གྱི་ཞི་བའི་གྲོས་འཆར་ལ་རྒྱབ་སྐྱོར་དགོས་སྐུལ་མ་བྱས།
ཨ་རིའི་སྲིད་འཛིན་ཨོ་བྷ་མས་རེས་གཟའ་མིག་དམར་ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་ལ་ཁ་པར་བརྒྱུད་དེ་ཡུག་རེན་གྱི་ཞི་བའི་གྲོས་འཆཪ་ལ་རྒྱབ་སྐྱོར་དགོས་པའི་སྐུལ་མ་བྱས་ཡོད་པ་དང་། གྲོས་འཆཪ་དེར་རེས་གཟའ་ལྷག་པའི་ཉིན་ཡུག་རེན་གྱི་ཉེན་འཕྲང་སྐོར་གྱི་ཕྱོགས་བཞིའི་ལྷན་ཚོགས་སྐབས་བསྐྱར་ཞིབ་བྱ་རྒྱུ་ཡིན་པ་རེད།
སྲིད་འཛིན་ཨོ་བྷ་མས་གློག་འཕྲིན་བརྒྱུད་པུ་ཌིན་དང་མཉམ་དུ་ཡུག་རེན་གྱི་ཉེན་འཕྲང་སྐོར་གླེང་མོལ་བྱེད་པའི་སྐབས་འདིར། ཡུག་རེན་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཁི་ར་མར་ཞེས་པའི་ནང་མེ་སྒྱོགས་བརྒྱབ་སྟེ། ཉུང་མཐར་ཡང་མི་༡༢ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་༨༠ ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག ཡུག་རེན་ཕྱི་སྲིད་ལས་ཁུངས་ནས་ཉེ་བའི་ཆར་གྱི་དྲག་པོའི་དོན་རྐྱེན་དེ་ནི་ཨུ་རུ་སུའི་ཕྱོགས་གཏོགས་སྤེལ་བ་ཞིག་ཡིན་པ་མ་ཟད། གྲོང་ཁྱེར་དེའི་མི་སེར་དཀྱུས་མའི་ཐོག་ཏུ་ཤ་ཚ་སྙིང་རྗེ་མེད་པའི་དམར་གསོད་ཅིག་ཡིན་སྐོར་བརྗོད་འདུག
ཨ་རིའི་ཕོ་བྲང་དཀར་པོའི་ཕྱོགས་ནས་སྤེལ་བའི་གསལ་བསྒྲགས་ནང་འཁོད་པ་ལྟར་ན། སྲིད་འཛིན་ཨོ་བྷ་མས་པུ་ཌིན་ལ་ཕྱོགས་གཉིས་ཀྱི་དམག་འཐབ་ལ་བརྟེན་ནས་མི་སྣ་ཤི་རྨས་མང་དུ་འགྲོ་བཞིན་པ་དང་། སྲིད་འཛིན་པུ་ཌིན་གྱིས་གོ་སྐབས་དམ་འཛིན་གྱིས་ཞི་བའི་གྲོས་འཆར་ལ་རྒྱབ་སྐྱོར་དགོས་པའི་གལ་ཆེའི་རང་བཞིན་སྐོར་སོགས་བརྗོད་ཡོད་འདུག་ལ། རེས་གཟའ་ལྷག་པའི་ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་ཡུ་རོབ་ཀྱི་ཤཪ་ཕྱོགས་རྒྱལ་ཁབ་བྷེ་ལར་རུ་སུའི་རྒྱལ་ས་མི་སི་ཁི་རུ་འཇར་མན་དང་ཡུག་རེན་གྱི་འགོ་ཁྲིད་ཐུག་འཕྲད་བྱ་རྒྱུ་ཡིན་པ་རེད།
ཡུག་རེན་སྲིད་གཞུང་དང་ནུབ་ཕྱོགས་སྲིད་གཞུང་ཁག་ཅིག་གིས་ཨུ་རུ་སུས་ལོ་གཅིག་ལ་ཉེ་བའི་རིང་ཡུག་རེན་ཤཪ་ཕྱོགས་ཀྱི་ཁ་བྲལ་ཤོག་ཁག་ལ་དཔུང་དམག་དང་། དམག་ཇུས་ལམ་སྟོན། དམག་དོན་སྒྲིག་ཆས་མཁོ་འདོན་དང་རྒྱབ་སྐྱོར་བྱེད་བཞིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།