ཨོ་སི་ཁྲུ་ལི་ཡས་ཀྱང་ ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་བཀག་སྡོམ་བྱེད་རྒྱུར་བསམ་གཞིགས་བྱེད་བཞིན་འདུག
༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་འཚོགས་པར་ཟླ་བ་གཉིས་ཙམ་ལས་མེད་པའི་སྐབས་འདིར། ཨོ་སི་ཁྲུ་ལི་ཡས་ཀྱང་རྒྱལ་སྤྱིའི་རྩེད་འགྲན་ཆེ་ཤོས་དེར་གཞུང་འབྲེལ་མི་སྣ་གཅིག་ཀྱང་མ་བཏང་ནས་ངོ་རྒོལ་གྱི་རྣམ་འགྱུར་གཏོང་རྒྱུའི་ཐོག་ལ་བསམ་གཞིགས་བྱེད་བཞིན་ཡོད་འདུག
དེ་རིང་ཨོ་སི་ཁྲུ་ལི་ཡའི་གསར་ཁང་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་རྗེས་མའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་(boycott)བྱེད་པའི་དགོས་འདུན་འདོན་མཁན་གྱི་ཨོ་སི་ཁྲུ་ལི་ཡའི་གྲོས་ཚོགས་འཐུས་མི་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གིས་གཞུང་གི་གོ་གནས་ཡོད་པའི་མི་སྣ་གཅིག་ཀྱང་རྩེད་འགྲན་ཆེན་མོ་དེར་མི་གཏོང་རྒྱུའི་ཐོག་ལ་བསམ་གཞིགས་བྱེད་བཞིན་ཡོད་འདུག
ཉེ་ཆར་རྒྱ་ནག་གི་སྐད་གྲགས་ཆེ་བའི་རྩེད་འགྲན་བ་ཕན་ཧྲུའུ་(Peng Shuai)ཡིས་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་དང་། སྲིད་བློན་ཟུར་པ་ཧྲན་གྷོ་ལེ་(Zhang Gaoli)ལ་བཙན་གཡེམ་གྱི་ཉེས་འཛུགས་བྱས་པར་བརྟེན་ནས་མོའི་བདེ་འཇགས་ལ་རྒྱལ་སྤྱིའི་ཐོག་ནས་སེམས་འཚབ་ཆེན་པོ་བྱེད་བཞིན་པའི་སྐབས་འདིར། ཨོ་སི་ཁྲུ་ལི་ཡའི་ཆབ་སྲིད་ཚོགས་པ་ཆེ་ཤོས་གཉིས་ཀའི་འཐུས་མི་རྣམས་ཀྱིས་སྲིད་གཞུང་ལ་ ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱེད་པའི་དགོས་འདུན་འདོན་གྱི་ཡོད་འདུག
༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་བཀག་སྡོམ་བྱེད་རྒྱུར་བསམ་བློ་གཏོང་མཁན་ཨོ་སི་ཁྲུ་ལི་ཡ་གཅིག་པུ་རེད་མི་འདུག བདུན་ཕྲག་གོང་མར་ཨ་རིའི་བྷ་ཌན་སྲིད་གཞུང་གིས་བོད་དང་། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བརྟེན་ནས་རྩེད་འགྲན་ཆེན་མོ་དེ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱེད་རྒྱུའི་ཐོག་ལ་བསམ་གཞིགས་བྱེད་སྒང་ཡིན་ཚུལ་བཤད་ཡོད་པ་མ་ཟད། ད་ལྟའི་ཆར་དབྱིན་ཇི་དང་ཁ་ན་ཊ་གཉིས་ཀྱིས་ཀྱང་གནད་དོན་དེར་བསམ་བློན་ནན་པོ་གཏོང་བཞིན་ཡོད་འདུག
༢༠༢༢ ལོའི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་དེ་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་གཏན་འཁེལ་ཡོད་ཅིང་། དེ་ནི་ ༢༠༠༨ ལོའི་དབྱར་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་རྗེས་སུ་རྒྱ་ནག་ཏུ་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་རྩེད་མོའི་འགྲན་བསྡུར་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག
འོན་ཀྱང་། ད་ལྟ་རྩེད་འགྲན་ཆེན་མོ་དེ་བཀག་སྡོམ་བྱེད་དགོས་པའི་དགོས་འདུན་འདོན་མཁན་གྱི་གྲོས་ཚོགས་འཐུས་མི་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཇེ་མང་དུ་འགྲོ་བཞིན་ཡོད་འདུག་པའི་ཐོག རྒྱ་ནག་གི་ཉེ་བའི་བྱ་སྤྱོད་རྣམས་ལ་བརྟེན་ནས་ཨ་རི་དང་ཨོ་སི་ཁྲུ་ལི་ཡས་གཙོས་པའི་མང་གཙོའི་ཆེ་ཤོས་རྣམས་ཀྱིས ༢༠༢༢ ལོའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་དེ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱེད་སྲིད་པ་ཆགས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།