ཨོ་སི་ཁྲོ་ལི་ཡས་གནས་སྤོའི་གྲངས་ཀ་ཉུང་དུ་གཏོང་ཆེད་ཕྱི་རྒྱལ་གྱི་སློབ་མ་རྣམས་ལ་མཐོང་མཆན་རག་རྒྱུ་ཁག་ཏུ་བཏང་བ། 

ཨོ་སི་ཁྲོ་ལི་ཡས་ལོ་རེའི་གནས་སྤོའི་གྲངས་ཀ་དེ་ཉུང་དུ་གཏོང་ཆེད་དུ་ཕྱི་རྒྱལ་གྱི་སློབ་མ་རྣམས་ལ་མཐོང་མཆན་རག་རྒྱུ་ཁག་ཏུ་བཟོས་ཡོད་པ་དང་། མཐོ་སློབ་འགའ་ཞིག་ལ་གཡོ་ཟོལ་གྱི་ལམ་ནས་སློབ་ཕྲུག་གསར་འཇུག་བྱེད་མི་ཆོག་པའི་ཉེན་བརྡ་ཡང་བཏང་འདུག སློབ་ཕྲུག་ཚོ་མཐོ་སློབ་ཏུ་ཚུད་པར་བྱེད་པའི་ཤེས་ཡོན་གྱི་གནས་ཚད་དང་། དཔལ་འབྱོར་གྱི་ཉེར་མཁོ་ལ་ཡང་འགྱུར་བ་ཆེན་པོ་བཏང་འདུག གཞན་ཡང་ཕྱི་རྒྱལ་གྱི་སློབ་མ་རྣམས་ཡུལ་འདིར་གནས་སྡོད་ཀྱི་དུས་ཡུན་རིང་དུ་གཏོང་བྱེད་ཀྱི་ཁྲིམས་ལུགས་རྣམས་ལ་རིམ་པས་འགྱུར་ལྡོག་གཏོང་བཞིན་འདུག ཟླ་བ་འདིའི་ཕྱི་ཚེས་༨ ཉིན་Times of India ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། གོང་ཚེས་ཉིན་ཨོ་སི་ཁྲོ་ལི་ཡས་ཕྱི་རྒྱལ་སློབ་མའི་གསོག་དངུལ་ཚད་གཞི་དེ་སྤར་བའི་གསལ་བསྒྲགས་ཤིག་བཏང་ཡོད་འདུག དེའི་ནང་ཕྱི་ཟླ་༥ ཚེས་༡༠ ནས་བཟུང་མཐོང་མཆན་རག་པར་གསོག་དངུལ་ཉུང་མཐའ་ལ་ཨོ་སི་ཁྲོ་ལི་ཡའི་སྒོར་མོ་༢༩,༧༡༠ (ཨ་སྒོར་༡༩,༥༧༦) ཡོད་པའི་ཁུངས་སྐྱེལ་ཡིག་ཆ་སྟོན་དགོས་ཀྱི་ཡོད་འདུག་ལ། ཨསྟྲེ་ལི་ཡའི་གཞུང་གིས་ལོ་སྔོན་མའི་ཕྱི་ཟླ་༡༠ པའི་ནང་ལ་ཡང་ཨོ་སི་ཁྲོ་ལི་ཡའི་སྒོར་མོ་༢༡,༠༤༡ ནས ༢༤,༥༠༥ སྤར་ཡོད་འདུག དེ་ཡང་དུས་ཡུན་ཐུང་ངུའི་ནང་ཕྱི་རྒྱལ་སློབ་མ་འགོག་ཐབས་སུ་འགྱུར་ལྡོག་གི་བྱ་བ་མང་པོ་བྱེད་དགོས་དོན་ནི། ཕྱི་ལོ་༢༠༢༢ ལ་ཏོག་དབྱིབས་དམ་བསྒྲགས་དེ་མེད་པ་བཟོས་རྗེས་ཕྱི་རྒྱལ་སློབ་མ་མང་པོ་ཞིག་སྡེབ་འབྱོར་གྱིས་ཁང་གླ་སྔོན་ནས་མཐོན་པོ་ཡོད་པ་དེ། དེ་བས་མཐོ་རུ་བཏང་བའི་རྐྱེན་གྱིས་ཡིན་འདུག འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ཨིན་སྐད་གནས་ཚད་དགོས་མཁོ་དེ་ཚད་མཐོ་རུ་བཏང་བ་སོགས་ཀྱིས་ཨོ་སི་ཁྲོ་ལི་ཡའི་གཞུང་གིས་ཕྱི་རྒྱལ་གྱི་སློབ་མ་རྣམས་ཡུལ་འདིར་གནས་སྡོད་ཀྱི་དུས་ཡུན་རིང་དུ་གཏོང་བྱེད་ཀྱི་ཁྲིམས་ལུགས་རྣམས་རིམ་པས་མེད་པ་བཟོ་བཞིན་འདུག ནང་སྲིད་བློན་ཆེན་ཁེ་ལེར་Clare O’Neil ལགས་ཀྱིས་གསུངས་དོན་ལ། ཤེས་ཡོན་སློབ་གཉེར་ཁང་༣༤ ལ་ཡི་གེ་ཕུལ་ཏེ་དྲང་བདེན་མེད་པའི་ཐོག་སློབ་ཕྲུག་གསར་འཇུག་བྱེད་མི་རུང་བའི་ཉེན་བརྡ་བཏང་ཡོད། གལ་སྲིད་དྲང་བདེན་མེད་པའི་ཐོག་སློབ་ཕྲུག་གསར་འཇུག་བྱས་པ་འཇུས་ཚེ་རྗེས་སུ་སློབ་ཕྲུག་གསར་འཇུག་བྱེད་མི་ཆོག་པ་དང་ལོ་གཉིས་ཙམ་གྱི་རིང་བཙོན་འཇུག་གི་ཉེས་ཆད་གཅོད་རྒྱུ་ཡིན། དེ་ལྟར་བྱས་ན་ང་ཚོའི་ཤེས་ཡོན་སྡེ་ཚན་གྱི་སྙན་གྲགས་དེ་ཆུད་ཟོས་གཏོང་མཁན་མི་གཡོ་ཟོལ་ཅན་རྣམས་རྩ་མེད་བཟོ་ཐུབ་པ་འདུག ཅེས་གསུངས་ཡོད་འདུག རྒྱལ་སྤྱིའི་ཤེས་ཡོན་ནི་ཨོ་སི་ཁྲོ་ལི་ཡའི་ཕྱིར་ཚོང་ཆེ་ཤོས་དེ་ཡིན་པ་དང་། ཕྱི་ལོ་༢༠༠༢༢/༢༣ གྱི་ཨོ་སི་ཁྲོ་ལི་ཡའི་དཔལ་འབྱོར་ལ་ཨོ་སྒོར་ཐེར་འབུམ་༣༦.༤(ཨ་སྒོར་ཐེར་འབུམ་༢༤) རྒྱལ་སྤྱིའི་ཤེས་ཡོན་ཕྱིར་ཚོང་ལས་ཡོང་ཡོད་འདུག  ཡིན་ཡང་ཡུལ་སྤོ་བ་མང་ཆེ་བ་ནི་ཕྱི་རྒྱལ་གྱི་སློབ་ཕྲུག་ཡིན་པ་དང་དེས་རྐྱེན་གྱིས་ཁང་གླ་ཧ་ཅང་མཐོ་རུ་ཕྱིན་པས་གཞུང་ལ་དཀའ་ངལ་ཆེན་པོར་གྱུར་པ་དང་། ཕྱི་ལོ་༢༠༢༣ གྱི་ཟླ་བ་༩ པ་བར་ལོ་གཅིག་ནང་ཁྱོན་བསྡོམས་ཡུལ་སྤོ་བ་༥༤༨,༨༠༠ བྱུང་འདུག ཁེ་ལེར་གྱིས་གསུང་པར། ང་ཚོ་ད་ལྟ་དམག་དང་ནད་ཡམས་མ་བརྩིས་ནས་ཨསྟྲེ་ལི་ཡའི་ལོ་རྒྱུས་ནང་གི་ཡུལ་སྤོ་བའི་གྲངས་ཉུང་ཤོས་དེ་འབྱུང་བཞིན་ཡོད།


གསར་འགོད་པ། བསྟན་འཛིན་གཡང་འཛོམ།