རྨི་ལམ་གྱི་དབྱིངས་ལ་ཚུད་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༥༤  ཕྱི་ལོ་ ༢༠༡༧/༧  /༥

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ཀྱིས་བོད་མི་སྐྱབས་བཅོལ་༣༠༠༠ ཙམ་ཨ་རིར་སྐྱབས་བཅོལ་དུ་ལེན་དགོས་པའི་གྲོས་འཆར་ཞིག་ཕུལ་ཡོད་ཚུལ་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པ་དང་། གནད་དོན་འདི་ལ་བརྟེན་ནས་རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བོད་མི་མང་པོ་ཞིག་གི་སེམས་ལ་སླར་ཡང་གཉིད་མ་ཁུག་པའི་རྨི་ལམ་མང་པོ་ཞིག་རྨི་བཞིན་ཡོད་ངེས་རེད། གྲོས་འཆར་འདི་ཉིད་གཏན་འབེབས་བྱ་རྒྱུ་ཙམ་དུ་མ་ཟད། གྲོས་ཚོགས་ནང་ཚུད་རྒྱུར་ཡང་ད་དུང་བར་ཐག་རིང་པོ་ཡོད་ཀྱང་། མི་མང་པོ་ཞིག་གིས་ཕན་ཚུན་གོ་སྐབས་བཟང་པོ་འདི་ཉིད་འཆོར་མི་རུང་བའི་དྲན་སྐུལ་བྱེད་མཁན་ཡང་མང་པོ་ཡོང་གི་འདུག སྤྱིར་བཙན་བྱོལ་བོད་མི་རྣམས་མིའི་ལུང་པར་སྐྱབས་བཅོལ་དུ་བསྡད་ཡོད་སྟབས། འདི་ལས་ཁོར་ཡུག་བཟང་ཙམ་དང་། འདི་ལས་མཐུན་རྐྱེན་བཟང་ས་ཞིག་ཏུ་འགྲོ་རྒྱུར་འདེམས་ཀ་བྱེད་པ་ནི་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་བྱེད་དཀའ་ཡང་། དོན་དངོས་སུ་རྒྱ་གར་ནང་དྲུང་ཆེའི་ལས་ཀ་བྱེད་མཁན་ཞིག་གིས་ཨ་རི་ནས་ཟ་ཁང་ནང་སྡེར་མ་བཀྲུ་དགོས་ན་སེམས་པ་སྐྱིད་པོ་ཞིག་ཡོང་སྲིད་མིན་དེ་གནད་དོན་གཙོ་བོ་རེད།

དེའི་ཐད་རང་དོན་འགྲུབ་ན་ཆ་ལུགས་ངན་ཡང་ངན་ཞེས་པའི་སྐད་ཆ་དེ་ལ་བསམ་བློ་གཏོང་སྲིད་ཀྱང་། མིའི་བདེ་སྐྱིད་ཅེས་པ་ལྟོ་གོས་ཁོ་ན་ལ་བརྟེན་ནས་ཐག་གཅོད་འོས་པ་ཞིག་ཡིན་མིན་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད། ཕྱི་རྒྱལ་དུ་འགྲོ་རྒྱུའི་གོ་སྐབས་ཤིག་མཐོང་བའི་སྐབས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་འགྲོ་སྟངས་མང་པོ་ཞིག་གོ་རིམ་འཁྲུགས་འགྲོ་ཡང་། དེ་ལ་དོ་སྣང་དམིགས་བསལ་བྱེད་མཁན་ཞིག་གཏན་ནས་མེད་ཚོད་དུ་སྣང་། དཔེར་ན་འདས་པའི་ལོ་བཅུ་ཙམ་གྱི་སྔོན་ལ་ཨ་རིའི་གཞུང་ནས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་མི་མང་པོ་ཞིག་ཨ་རིར་ལེན་འཆར་ཡོད་པའི་སྐད་ཆ་ཞིག་སླེབས་པ་དང་། དེ་ལ་བརྟེན་ནས་འགེངས་ཤོག་བསྡུ་ལེན་གྱི་ལས་འགུལ་ཞིག་སྤེལ་སྐབས་དབུས་གཙང་ཡིན་ངེས་མང་པོ་དང་། ཨ་མདོ་བ་ཁག་ཅིག་ཀྱང་ཆུ་བཞི་སྒང་དྲུག་གི་ནང་དུ་འཛུལ་ནས་ལག་དེབ་བཟོ་བ་དང་འགེངས་ཤོག་བསྐངས་པ་སོགས་བྱུང་ཡོད། དེ་ནི་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་ཐོག་མའི་སྒྲིག་འཛུགས་ཙམ་མ་ཡིན་པར་དེང་སྐབས་ཁོངས་གཏོགས་ཡིན་པའི་ལག་ཁྱེར་བླངས་པ་རེད།

དེ་བཞིན་ཕྱི་རྒྱལ་དུ་འགྲོ་རྒྱུའི་ཆེད་དུ་ཕ་གཅིག་མ་གཅིག་གི་གཅེན་གཅུང་གཉེན་སྒྲིག་བྱེད་མཁན་དང་། ཕྱི་རྒྱལ་དུ་ཡོད་མཁན་རྟེན་དགེ་སློང་ཡིན་བཞིན་པར་རློམ་པ་དག་གིས་ཀྱང་རང་ཉིད་ཀྱི་གཉེན་ཉེའམ། ཡང་ན་བུད་མེད་གཞན་དང་ཁྲིམས་ཐོག་ནས་གཉེན་སྒྲིག་བྱས་ནས་ཕྱི་རྒྱལ་དུ་ལེན་ཐབས་བྱེད་མཁན་གཅིག་མིན་གཉིས་མིན་དུ་ཡོད། ད་དུང་ཕྱི་རྒྱལ་དུ་འགྲོ་ཆེད་བཙོན་ཁང་དུ་རྒྱུན་རིང་སྡོད་དགོས་བྱུང་བ་དང་། རྒྱུ་ནོར་གཞན་ལ་ཤོར་བ། བཟའ་ཚང་ཁ་བྲལ་དུ་གྱུར་པ་སོགས་གནས་ཚུལ་འདྲ་མིན་མང་པོ་ཡོད་པ་ཕལ་མོ་ཆེའི་སེམས་ལ་གསལ་གྱི་ལེར་ཡོད་པའི་གནད་དོན་ཞིག་ཏུ་གྱུར་ཟིན། དེ་དང་དེ་ལྟ་བུའི་གནད་དོན་མང་པོ་ཞིག་ཡོད་བཞིན་པའི་སྐབས་སུ་ཨ་རིར་མི་སུམ་སྟོང་ལེན་འཆར་ཡོད་ཚུལ་ཐོས་ནས་སླར་ཡང་རེ་བ་དང་རྨི་ལམ་གསར་པ་ཞིག་གི་དབྱིངས་ལ་ཚུད་ངེས་ཡིན་པ་ནི་སྨྲོས་མི་དགོས་པ་རེད། དེར་བརྟེན་གནད་དོན་འདིའི་ཐོག་ལ་བོད་པ་ཕལ་མོ་ཆེའི་ངོས་འཛིན་གཅིག་གྱུར་ཡིན་པས། འདི་དང་བསམ་བློ་མི་མཐུན་མཁན་དག་ནི་སྨྱོན་པ་ལྟ་བུའམ། ཡང་ན་ལེ་ལོ་དང་སྒྱིད་ལུག་ཅན་ཞིག་ཏུ་བརྩི་བཞིན་ཡོད། ད་ལྟའི་ཆར་ཁྲི་ཐོག་གི་བླ་མ་དང་གདན་ཐོག་གི་གྲྭ་པ་ཕལ་མོ་ཆེའི་བསམ་བློའི་ནང་ཕྱི་རྒྱལ་དུ་འགྲོ་ཐུབ་ན་བསམ་པའི་རེ་བ་དང་རྨི་ལམ། དེའི་ཆེད་དུ་འབད་བརྩོན་བྱེད་མཁན་གྱིས་བཙན་བྱོལ་བོད་པའི་མི་འབོར་གྱི་བརྒྱ་ཆ་མང་ཤོས་ཤིག་ཟིན་ཡོད་པ་དེ། ཕྱི་ལོ་༢༠༠༩ ལོར་བོད་གཞུང་འཆར་འགོད་ལྷན་ཁང་གི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་ལས་གསལ་པོ་རྟོགས་ཐུབ། དེར་བརྟེན་ཁ་ཕྱོགས་འདི་ནི་གཞུང་གིས་གཏན་འབེབས་བྱས་པ་ཞིག་མིན་ཡང་བཙན་བྱོལ་བོད་མི་རང་ངོས་ནས་དགའ་མོས་ཆེ་ཤོས་ཀྱི་ཕུགས་བསམ་ལྟ་བུར་གྱུར་ཡོད། སྲིད་སྐྱོང་གིས་༢༠༢༠ ལོར་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་འབོར་ནི་བརྒྱ་ཆ་ལྔ་བཅུ་ལྔ་བཅུ་ཆགས་རྒྱུ་ཡིན་སྐོར་བརྗོད་པར། ཁ་རྡུང་དང་རྒོལ་གཏམ་གཏོང་མཁན་བྱུང་ཡོད་ཀྱང་། དོན་དུ་ཁ་རྡུང་གཏོང་མཁན་དག་གི་ནང་མི་ཡང་ཕྱི་རྒྱལ་དུ་བཏང་ཟིན་པ་རེད། གནད་དོན་འདི་དག་གི་ཐོག་ནས་བསམ་བློ་བཏང་ན་དེང་སྐབས་དར་སྲོལ་ཆེ་བའི་གཞས་གསར་པ་“འཕུར་”ཞེས་པ་ལྟར། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འཕུར་རྒྱུའི་གོ་སྐབས་བྱུང་ན་མི་འཕུར་མཁན་ཧ་ཅང་དཀོན།

མདོར་ན་བཙན་བྱོལ་བོད་མི་ཕལ་མོ་ཆེའི་བསམ་བློའི་ནང་དུ་ཡོད་པའི་དམིགས་ཡུལ་ཉག་གཅིག་དེ་ནུབ་ཕྱོགས་སུ་བསྐྱོད་རྒྱུ་ཡིན་པ་དང་། དེ་ལ་འགྲིག་དང་ནོར་གྱི་རྟགས་ཐམ་རྒྱག་དཀའ་མོད། ཁེ་བཟང་གི་ཕྱོགས་ནས་དཔལ་འབྱོར་དང་ཁོར་ཡུག་གི་གནས་སྟངས་ཐོག་ནས་རྒྱ་བལ་ཁུལ་དང་བསྡུར་ཐབས་མེད་པར་ནུབ་ཕྱོགས་ཡག་པ་ནི་སྨྲོས་མི་དགོས་པ་རེད། འོན་ཀྱང་མ་འོངས་པའི་བུ་རབས་ཚ་བརྒྱུད་ཀྱི་ཐོག་ནས་བསམ་བློ་བཏང་ན་རྒྱ་བལ་འབྲུག་གསུམ་དང་བསྡུར་ཐབས་གཏན་ནས་མེད་པར། གདོང་བོད་མི་དང་ཁོག་ནུབ་གླིང་པ་ཞིག་ཏུ་འགྱུར་ངེས་ཡིན་པ་དང་། རང་ཉིད་ཀྱི་མི་རབས་ཚ་བརྒྱུད་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཤིག་ཏུ་ཆུ་ལ་ཆུ་བཞག་གི་ཚུལ་གྱིས་ཡལ་འགྲོ་རྒྱུར་སེམས་ཁྲལ་བྱེད་དགོས་མིན་ནི་རང་ཉིད་ཀྱི་ཕུགས་བསམ་དང་དམིགས་ཡུལ་ལ་རག་ལས་པ་ཞིག་རེད། དེར་བརྟེན་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་རྨིས་ཆེ་ཤོས་ཀྱི་རྨི་ལམ་འདི་ཉིད་ནོར་ཡོད་མེད་ཐག་བཅད་ནས་བཤད་མི་ཤེས་ཀྱང་། འདིའི་སྐོར་དོ་སྣང་བྱས་ནས་གང་མགྱོགས་སད་དགོས་ངེས་སུ་གྱུར་ཡོད་པ་མ་ཟད། བཙན་བྱོལ་བོད་མི་རྣམས་འཆི་དང་གསོན་གྱི་གནས་བབས་ཀྱང་འདི་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་ཡོད་སྙམ།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||