༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྔོན་ལ་གནས་མཆོག་རྡོར་གདན་དུ་ཆིབས་བསྒྱུར་གནང་རྒྱུ་རེད་འདུག

དགའ་ལྡན་ཕོ་བྲང་གིས་ཟླ་འདིའི་ཚེས་༢༠ ཉིན་གསལ་བསྒྲགས་ལྟར་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྷོ་ཕྱོགས་དང་སྒང་ཏོག་གི་མཛད་འཆར་གནས་སྐབས་ཕྱིར་འཐེན་དང་། ཕྱི་ཟླ་༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གནང་རྒྱུ་རེད་འདུག
གསལ་བསྒྲགས་ཀྱི་ནང་དུ་གསལ་དོན། “ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགུལ་ཆམ་བཞེས་པ་དྭངས་སྐྱེད་བྱུང་ཡོད་རུང་། སྔོན་འཆར་ལྟར་དུས་ཐུང་ནང་ཕྱོགས་མཐར་ཆིབས་བསྒྱུར་གནང་ཚེ་སྐུ་གཟུགས་ལ་བརྡབ་གསིག་དང་། འདུ་འཛོམས་ཆེ་སར་ཆམ་རིམས་སོགས་ཀྱི་ཉེན་ཁའང་ཆེ་རྐྱེན། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་དང་། སྐུའི་བླ་སྨན་པ་རྣམས་ནས་ཀྱང་དུས་ཡུན་རིང་ཙམ་སྐུ་ངལ་གསོ་གལ་ཆེ་བའི་གསོལ་འདེབས་ཞུས་དོན་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༡༡ ནང་སྒང་ཏོག་ཏུ་ཕེབས་རྒྱུའི་ཆིབས་སྒྱུར་མཛད་འཆར་དང་། ཕྱི་ཟླ་ ༡༡ ཟླ་དཀྱིལ་ནས་ཕྱི་ཟླ་ ༡༢ ཟླ་དཀྱིལ་བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཧུན་སུར་བཅས་ཀྱི་མཛད་འཆར་རྣམས་ཕྱིར་འཐེན་ཞུས་པ་དང་། འོན་ཀྱང་། ཕྱི་ཟླ་ ༡༢ ཟླ་དཀྱིལ་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བསྐྱང་རྒྱུའི་མཛད་འཆར་ལ་ད་ལྟའི་ཆར་འགྱུར་བ་མེད་པ”ཞེས་བཀོད་འདུག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོར་གདན་དུ་ཆིབས་སྒྱུར་གནང་རྒྱུའི་མཛད་འཆར་སྐོར་དགའ་ལྡན་ཕོ་བྲང་གི་དྲྭ་བར་འཁོད་དོན་ལྟར་ན། ཕྱི་ཟླ་༡༢ ཚེས་ ༢༩ ནས་ཚེས་ ༣༡བར་དུ་༧གོང་ས་མཆོག་གིས་གནས་མཆོག་རྡོར་གདན་དུ་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག་པ་དང་། སྐབས་དེའི་ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་ཀྱི་རིང་སྔ་དྲོའི་ཆར་མགོན་པོ་གང་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་དང་། ཚེས་ ༣༡ གི་སྔ་དྲོར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་བསྩལ་རྒྱུ།
གཞན་ཡང་༢༠༢༤ ཟླ་བ་ ༡ ཚེས་ ༡ ཉིན་གནས་མཆོག་རྡོར་གདན་དུས་དབང་གསུང་ཆོས་རྭ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡིན་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།