༧གོང་ས་མཆོག་གིས་ལྡི་ལི་དང་ལུ་དྷི་ཡ་ནའི་སུད་ཚོང་གི་ཚོང་བདག་༢༤༠ ལྷག་མཇལ་ཁ་བསྩལ།

༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། དེ་བཞིན་ལྡི་ལི་དང་ལུ་དྷི་ཡ་ནའི་རྒྱ་གར་གྱི་ཚོང་བདག་སོགས་ཁྱོན་མི་གྲངས་སུམ་བརྒྱ་མ་ཟིན་ཙམ་ལ་མཇལ་ཁ་བསྩལ་སོང་།

པར། ཚོང་པའི་ཚོགས་པའི་ཚོགས་གཙོ།

ཟླ་འདིའི་ཚེས་༢༣ ཉིན་གྱི་ཞོགས་པར། ༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྐབས་དྲུག་པའི་བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། དེ་བཞིན་ལྡི་ལིའི་ཚོང་བདག་མཐུན་ཚོགས་ཀྱི་ཚོགས་མི་༤༩ དང་། ལུ་དྷི་ཡ་ནའི་ཚོང་བདག་མཐུན་ཚོགས་ཀྱི་ཚོགས་མི་༢༠༠ བཅས་མི་གྲངས་༢༤༩ ལ་མཇལ་ཁ་བསྩལ་སོང་ལ།

སྐབས་དེར་འདི་གའི་གསར་འགོད་པས་བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པའི་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལ། བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ། ༧གོང་ས་མཆོག་མཇལ་བཅར་ཞུ་དོན་སོགས་དང་འབྲེལ་བཅར་འདྲི་ཞུས་པར། ཁོང་གིས་བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་པ་དེ་ཕྱི་ལོ་༡༩༧༣ ལོ་འགོ་བཙུགས་ནས་དུས་ཡུན་རིང་པོ་ཕྱིན་རྗེས་ཏེ། ཕྱི་ལོ་༢༠༡༦ ལོར་ལུ་དྷི་ཡ་ན་ལ་ཚོགས་པའི་ལས་ཁུངས་ཨ་མ་ཞིག་འཛུགས་ཐུབ་བྱུང་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་གྱི་མངའ་སྡེ་༢༡ ནང་གི་གྲོང་ཁྱེར་༢༣༡ ནང་། བོད་མིའི་ཚོང་པ་༣༥༠༠ ལྷག་གིས་ཁྲོམ་ས་༥༦༠༠ ལྷག་གི་ནང་ཚོང་ལས་གཉེར་གྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ཁོང་གིས་༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་གོ་སྟོན་དང་བསྟུན། མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཕྱིར། ཚོང་པའི་ཚོགས་པས་ཉེ་ཆར་ལ་དྭགས་བྱང་ཐང་དུ་ར་ལུག་༡༣༠ དང་། བཤས་ར་ནས་བྱ་དེ་༡༣༠ ཚེ་ཐར་བཏང་ཡོད་པར་གསུངས་བྱུང་།

དེ་རིང་གི་མཇལ་བཅར་དང་འབྲེལ། ཁོང་གིས་ད་ཐེངས་ཚོང་པའི་ཚོགས་པས་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ནས་གསེར་དངུལ་ལས་གྲུབ་པའི་སྐུ་མདུན་གྱི་འདྲ་གཟུགས་ཤིག་༧གོང་ས་མཆོག་ལ་ཕུལ་ཡོད་པ་དང་། ཕྱི་ཟླ་༨ པའི་ཚེས་༡༥ ཉིན། ཚོང་བདག་དང་སྐུ་མགྲོན་སོགས་མི་གྲངས་སུམ་བརྒྱ་ལྷག་ལྷན་འཛོམས་ཀྱིས་སྐུའི་གོ་སྟོན་རྒྱས་པ་ཞིག་ས་གནས་ལུ་དྷི་ཡ་ན་ལ་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།