༧གོང་ས་མཆོག་ལ་གྲགས་ཆེ་བའི་རོལ་དབྱངས་གཟེངས་རྟགས་ཐོབ་པ།
ཉེ་ཆར་༧གོང་ས་མཆོག་ལ་འཛམ་གླིང་ནང་གྲགས་ཆེ་བའི་(Grammy)རོལ་དབྱངས་གཟེངས་རྟགས་ཐོབ་ཡོད་པ་དང་། ༧གོང་ས་མཆོག་ལ་གཟེངས་རྟགས་དེ་ཐོབ་པར་བོད་མིས་འཛམ་གླིང་གང་སར་ཡོད་པའི་༧གོང་ས་མཆོག་གི་རྗེས་འཇུག་པ་དང་སློབ་མ་ཚོས་དགའ་བསུ་ཞུ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག

ཕྱི་ལོ་༢༠༢༦ ཟླ་༢ ཚེས་༢ ཉིན་བྷི་བྷི་སི་གསར་ཁང་སོགས་རྒྱལ་སྤྱིའི་གསར་འགྱུར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་འཛམ་གླིང་ནང་གྲགས་ཆེ་བའི་རོལ་དབྱངས་ཀྱི་གཟེངས་རྟགས་(Grammy)ཞེས་པ་དེ་འབུལ་བཞེས་ཀྱི་མཛད་སྒོ་ཐེངས་༦༨ འཚོགས་འདུག་པ་དང་། མཛད་སྒོ་ཐོག་ཏུ་༧གོང་ས་མཆོག་ལ་འདི་ལོའི་(Grammy)གཟེངས་རྟགས་ཁྲོད་ཀྱི་གསུང་བཤད་སྒྲ་འཇུག་ཡག་ཤོས་ཀྱི་གཟེངས་རྟགས་དེ་ཐོབ་ཡོད་འདུག རོལ་དབྱངས་བརྩམས་ཆོས་དེ་ཕྱི་ལོ་༢༠༢༥ ཟླ་བ་༨ ནང་དྲ་ཐོག་ཏུ་འགྲེམས་སྤེལ་བྱས་ཡོད་འདུག དེ་བཟོ་མཁན་ནི་རྒྱ་གར་གྱི་རོལ་མོའི་སྒྱུ་རྩལ་པ་(Amjad Ali Khan)དང་(Kabir Sehgal)གཉིས་ཡིན་འདུག རོལ་དབྱངས་དེ་ཐོག་མ་ཕྱི་ལོ་༢༠༠༩ ཙམ་ནས་བཟོ་འགོ་བཙུགས་ཡོད་འདུག
ཉེ་ཆར་༧གོང་ས་མཆོག་ལ་ཐོབ་པའི་གཟེངས་རྟགས་དེ་ཨ་རིའི་ནང་ཡོད་པའི་(Recording Academy)ཞེས་པའི་ཚོགས་པ་དེ་ཡིས་འབུལ་གྱི་ཡོད་འདུག་པ་དང་། གཟེངས་རྟགས་དེ་གནད་དོན་གཙོ་བོ་བཞི་ལ་གཟེངས་རྟགས་བཞི་སྤྲོད་ཀྱི་ཡོད་འདུག དང་པོ། འོད་སྡེར་(Album)ཡག་ཤོས། གཉིས་པ། རོལ་དབྱངས་སྒྲ་འཇུག་ཡག་ཤོས། (Record of the Year) གསུམ་པ། ལོ་དེའི་ནང་གི་གཞས་ཡག་ཤོས་རྩོམ་མཁན། (Song of the Year) བཞི་པ། གསར་དུ་ཐོན་པའི་གཞས་པ་ཡག་ཤོས། (Best New Artist)བཅས་ཡིན།
དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་དོན་ལ། ༧གོང་ས་མཆོག་གིས། “ངོས་ནས་དགའ་སྤྲོ་ཆེན་པོའི་ཐོག་ནས་གཟེངས་རྟགས་འདི་དང་ལེན་ཞུ་རྒྱུ་ཡིན། སྤྱིར་གཟེངས་རྟགས་འདི་ངོས་སྒེར་ལ་ཐོབ་པ་ཞིག་མིན་པར། ང་ཚོ་ཐུན་མོང་གི་ཡོངས་ཁྱབ་འགན་འཁྲི་ལ་ངོས་འཛིན་ཞུས་པ་ཞིག་ཏུ་མཐོང་གི་ཡོད། ངོས་ཀྱིས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོབ། སྙིང་རྗེ་དང་ཞི་བདེ་བཅས་ནི་འགྲོ་བ་མི་ཐེར་འབུམ་བརྒྱད་ཀྱི་བདེ་དོན་ལ་མེད་དུ་མི་རུང་བ་ཞིག་ཡིན་པར་ཡིད་ཆེས་ཟབ་མོ་ཡོད། (Grammy) གཟེངས་རྟགས་ཀྱིས་ངོས་ཀྱིས་དུས་རྒྱུན་བཤད་པའི་གནད་དོན་དག་ཁྱབ་སྤེལ་ཆེ་རུ་གཏོང་བར་ཕན་ཐོགས་ཀྱི་ཡོད་པས་ངོས་རང་དགའ་པོ་བྱུང་།” ཞེས་གསུངས་འདུག
༧གོང་ས་མཆོག་ལ་གཟེངས་རྟགས་ཐོབ་པར་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་(Prem Singh Tamang)གྱིས་“སྒང་ཏོག་དུས་བབ་”བརྒྱུད་ལམ་ཐོག་འཚམས་འདྲི་ཞུས་པའི་ནང་“ཐེངས་༦༨ པའི་ལོ་འཁོར་གྷ་རམ་མི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་༡༤ པ་ཆེན་པོ་མཆོག་ལ་གསུང་བཤད་སྒྲ་དེབ་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་པར་འཚམས་འདྲི་ཞུ་རྒྱུ་ཡིན། གཟེངས་རྟགས་འདི་ཉིད་༸གོང་ས་མཆོག་གི་ཚབ་ཞུས་ཏེ་(Rufus Wainwright)ཡིས་བཞེས་ཡོད་པ་དང་། འདིས་༸གོང་ས་མཆོག་གི་སྐུ་ཚེ་གང་པོའི་སྙིང་རྗེ་དང་། མཁྱེན་རབ། དྲན་པ་དང་ཤེས་བཞིན། མཐུན་སྒྲིལ། ཀུན་ཁྱབ་འགན་འཁུར་བཅས་ཀྱི་མཛད་རྗེས་ལ་ངོས་འཛིན་ཞུས་པ་ཞིག་ཡིན།” ཞེས་གསུངས་འདུག ཁོང་གིས་ཨ་རིའི་ཆེས་མཐོའི་ཁྲིམས་དཔོན་(Ketanji Brown Jackson) དང་(Trevor Noah) སོགས་འོས་མི་གཞན་ལས་རྒྱལ་ཁ་ཐོབ་པ་རེད། གཟེངས་རྟགས་འདིས་༸གོང་ས་མཆོག་གི་ཞི་འཇམ་གྱི་གསུང་གིས་འགྲོ་བ་མིའི་ནང་སེམས་ཀྱི་ཞི་བདེ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ལམ་བུར་འཁྲིད་བཞིན་ཡོད་པ་ར་སྤྲོད་བྱས་ཡོད་ཅེས་དང་། ༸གོང་ས་མཆོག་གི་སྒོམ་སྒྲུབ་ཀྱི་ལམ་སྟོན་འདིས་འཛམ་གླིང་ཡོངས་ལ་བྱམས་བརྩེ་མུ་མཐུད་སྤེལ་ཐུབ་པའི་སྨོན་ལམ་ཞུ་བཞིན་ཡོད་ཅེས་གསུངས་འདུག
ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ཡིས་འཚམས་འདྲི་ཞུས་འདུག་པ་ནང་། ༧གོང་ས་༸སྐྱབས་མགོན་སྐུ་ཕྲེང་༡༤ པ་ཆེན་པོ་མཆོག་གི་སྒོམ་སྒྲུབ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་བཞེད(Meditations: The Reflections of His Holiness the Dalai Lama)ཅེས་པའི་གསུང་དེབ་ལ་སྒྲ་དེབ་དང་གསུང་བཤད་སྙན་སྒྲོན་གྱི་གཟེངས་རྟགས་ཡག་ཤོས་(Grammy) གཟེངས་རྟགས་ཐོབ་པར་སྙིང་དབུས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། འཛམ་གླིང་རང་བཞིན་གྱི་ངོས་འཛིན་འདི་ནི་༸གོང་ས་མཆོག་ལ་ཕུལ་བའི་ཆེ་བསྟོད་ཙམ་མ་ཡིན་པར། འདི་ནི་བྱམས་བརྩེ་དང་། ཀུན་ཁྱབ་འགན་འཁུར། ཞི་བདེ། ང་ཚོའི་གོ་ལ་འདིར་བདག་གཅེས་གནང་བ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སོགས་དུས་རབས་བརྒལ་བའི་རིན་ཐང་རྣམས་ལ་དགའ་གུས་ཞུས་པ་ཞིག་ཀྱང་ཡིན། གྲུབ་འབྲས་འདིས་འཛམ་གླིང་ཡོངས་ལ་གཞན་ཕན་གྱི་བསམ་པ་དང་། མཐུན་སྒྲིལ། མཉམ་རུབ་ཀྱི་བདེ་སྐྱིད་བཅས་ཀྱི་ལམ་བུར་སྐྱོད་པར་མུ་མཐུད་སྐུལ་ལྕག་ཐེབས་པའི་སྨོན་ལམ་ཞུ་ཞེས་བརྗོད་འདུག དེ་བཞིན་འཛམ་གླིང་ས་ཕྱོགས་གང་ས་ཡོད་པའི་བོད་མི་དང་༧གོང་ས་མཆོག་ལ་དད་གུས་ཡོད་པའི་མི་སྣ་མང་པོ་ཞིག་གིས་དྲ་ཐོག་ཏུ་༧གོང་ས་མཆོག་ལ་འཚམས་འདྲི་དང་དགའ་བསུ་ཞུ་བཞིན་ཡོད་འདུག འོན་ཀྱང་། རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་(Grammy)གཟེངས་རྟགས་ཐོབ་པར་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་འདུག་པ་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། “༧གོང་ས་མཆོག་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་འོག་ཡོད་ཅིང་ཆོས་ལུགས་ཀྱི་མིང་ཐོག་ནས་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་ཞིག་ཡིན། (Grammy) གཟེངས་རྟགས་དེ་རྒྱ་ནག་ཁ་བྲལ་གྱི་ལས་དོན་ཐོག་བེད་སྤྱོད་བཏང་བར་དགག་པ་ཡོད་” ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
