ཀུ་ཤུ་ཉིན་རེའི་གསར་ཁང་གི་གསར་འགོད་པ་ཟུར་པ་ཞིག་རྒྱལ་སྤྱིའི་གནམ་ཐང་ནས་འཛིན་བཟུང་བྱས་འདུག
ཀུ་ཤུ་ཉིན་རེའི་གསར་ཁང་རྒྱ་ནག་གིས་བཙན་གྱིས་སྒོ་བརྒྱབ་རྗེས། ཧོང་ཀོང་གི་ཉེན་རྟོག་པས་གསར་ཁང་དེའི་གསར་འགོད་པ་ཟུར་པ་ཞིག་ལ་ཕྱིའི་རྒྱལ་ཁབ་དང་ངན་པ་ལག་སྦྲེལ་བྱས་པའི་ཉེས་མིང་འོག་ནས་རྒྱལ་སྤྱིའི་གནམ་ཐང་ནས་འཛིན་བཟུང་བྱས་ཡོད་འདུག
རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གི་ཉེན་རྟོག་པས་མདང་དགོང་རེས་གཟའ་ཉི་མའི་དགོང་མོར་ཀུ་ཤུ་ཉིན་རེའི་གསར་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་པ་རྒན་པ་ཞིག་རྒྱལ་སྤྱིའི་གནམ་ཐང་ནས་འཛིན་བཟུང་བྱས་ཡོད་འདུག་ཅིང་། ཁོང་ཉེ་བའི་བདུན་ཕྲག་འགའི་ནང་ཧོང་ཀོང་གི་ཉེན་རྟོག་པས་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་འོག་ནས་འཛིན་བཟུང་བྱས་པའི་ཀུ་ཤུ་ཉིན་རེའི་གསར་ཁང་གི་ལས་བྱེད་བདུན་པ་དེ་ཆགས་ཡོད་འདུག
ལོ་ན་ ༥༧ ལ་སོན་པའི་ཧྥན-ཝོ་ཁན་(Fung Wai-kong) ནི། ད་ལྟ་སྒོ་བརྒྱབ་ཟིན་པའི་ཀུ་ཤུ་ཉིན་རེའི་གསར་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་པ་གནང་སྟེ་དབྱིན་རྒྱའི་ཐོག་རྩོམ་ཡིག་སྤེལ་མྱོང་ཡོད་འདུག
ཧོང་ཀོང་གི་ཉེན་རྟོག་པས་གསར་འགོད་པ་ཟུར་པ་ཁོང་“ཕྱིའི་རྒྱལ་ཁབ་བམ། ཕྱིའི་སྟོབས་ཤུགས་དང་ངན་པ་ལག་སྦྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་འགུལ་བརྩམས་པའི་”ཉེས་པའི་འོག་ནས་འཛིན་བཟུང་བྱས་པ་ཡིན་ཞེས་བསྒྲགས་པའི་ཐོག ཁོང་ལ་མུ་མཐུད་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་ཡིན་ཞེས་བསྣན་འདུག
ཀུ་ཤུ་ཉིན་རེའི་གསར་ཁང་གི་གསར་འགོད་པ་ཟུར་པ་ཇཱག-ཧེ་སིལ་ཝོ་ཌི་(Jack Hazelwood) ཡིས་ཋོ་ཋར་དྲ་བའི་ཐོག་ཏུ་ཧྥན-ཝོ་ཁན་ཧོང་ཀོང་ནས་དབྱིན་ཡུལ་དུ་འགྲོ་བའི་ལམ་བར་ནས་འཛིན་བཟུང་བྱས་པ་ཡིན་སྐོར་བརྗོད་པའི་ཐོག དབྱིན་ཇིའི་སྲིད་གཞུང་ནས་ཁོང་ལ་རོགས་རམ་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
ཀུ་ཤུ་ཉིན་རེའི་གསར་ཁང་ནི་ཧོང་ཀོང་གི་རང་དབང་ཅན་གྱི་གསར་ཁང་ཆེ་ཤོས་ཤིག་ཡིན་ཞིང་། དེས་སྙིང་སྟོབས་ཆེན་པོས་ཧོང་ཀོང་གི་རང་དབང་དང་། མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས། རྒྱ་ནག་གིས་གསར་ཁང་དེའི་མ་དངུལ་བཀག་སྡོམ་བྱས་ཏེ་སྒོ་བརྒྱབ་ཡོད་པ་དང་། བདུན་ཕྲག་གོང་མའི་རེས་གཟའ་ཕུར་བུའི་ཉིན་གསང་ཁང་གི་ཚགས་ཤོག་ཆེས་མཐའ་མ་དེ་འདོན་སྤེལ་བྱས།
གསར་ཁང་ཆེ་ཤོས་དེ་སྒོ་བརྒྱབ་པའི་རྗེས། ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཉིན་མོ་དེ་ནི་“ཧོང་ཀོང་དང་། འཛམ་གླིང་ཧྲིལ་པོའི་གསར་འགོད་རང་དབང་ལ་ཡིད་སྐྱོ་བའི་ཉིན་མོ་ཞིག་རེད་”ཅེས་གསུངས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད།
སྔོན་ཆད་གོ་ལའི་དཔལ་འབྱོར་གྱི་ལྟེ་བར་གྱུར་བའི་ཧོང་ཀོང་ནི་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ཡོང་ཐུབ་པའི་དཔེ་མཚོན་དུ་མཐོང་གི་ཡོད་རུང་། ད་ལྟ་གནས་སྟངས་དེ་ཡོངས་སུ་འགྱུར་བ་ཐེབས་ནས་ཧོང་ཀོང་བོད་དང་རྒྱ་ནག་གི་གྲོང་ཁྱེར་གཞན་དག་ལྟར་གྱུར་ནས་གསར་འགོད་པ་དང་ལས་འགུལ་བ་རྣམས་ཉེས་མིང་འདྲ་མིན་འོག་ནས་འཛིན་བཟུང་དང་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།